ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།
2024.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་ཚོགས་བསྡུས་པ་དང་། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་སོགས་འཐུས་མིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ཀྱི་དྲི་བར་ལན་བཏབ།

ཨུ་ཡོན་ཝང་ཧྭ་ཅེ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་བཞིན་པ།

གསར་འགོད་པས་འཐུས་མིར་དྲི་བ་འདོན་བཞིན་པ། 

ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་ཚོགས་བསྡུས་པ་དང་། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་སོགས་འཐུས་མིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ཀྱི་དྲི་བར་ལན་བཏབ།

ཞིན་ཧྭ་གསར་འགྱུར་ཁང་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚགས་པར། ཚན་རྩལ་ཉིན་རེའི་ཚགས་པར། ཀྲུང་གོ་གསར་འགྱུར་ཁང་། ཀྲུང་གོ་ན་གཞོན་ཚགས་པར། ཀྲུང་གོ་ལྗང་མདོག་སྐབས་དོན་ཚགས་པར། མི་དམངས་དྲ་བ་དང་ཀྲུང་གོ་དྲ་བ། ཀྲུང་གོ་གྲགས་ཆེའི་དུས་དེབ། ཞང་ཀང་ཏ་ཀུང་ཝུན་ཧོས་སྨྱན་བྱད་སྡེ་ཚོགས། ཉིའུ་ཡུའེ་སྐབས་དོན་ཚགས་པར། ཕིན་པའོ་གསར་འགྱུར་ཁང་། འཇར་པན་ཐུན་མོང་གསར་འགྱུར་ཁང་། ཨ་མེ་རི་ཁའི་རྒྱལ་སྤྱིའི་ཚོང་ར་གསར་འགྱུར་ཁང་། ཞོགས་པའི་གསར་འགྱུར་ཚགས་པར་སོགས་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ཉི་ཤུ་དང་། གསར་འགོད་པ་སོ་དགུ་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་གསར་འགོད་པས་འཐུས་མི་ཁྲིན་ཀང་ལ་མཚོ་སྔོན་གྱི་འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཐད་ཞིང་ཆེན་ཏང་ཨུས་རྣམ་འགྱུར་ཅི་འདྲ་འཛིན་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་བྱེད་ཐབས་གང་དག་སྤྱད་པ། གྲུབ་འབྲས་ཅི་འདྲ་བླངས་ཡོད་པ། གོ་རིམ་རྗེས་མར་ད་དུང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བྱེད་ཐབས་གང་དག་སྤྱོད་རྒྱུ་ཡིན་པ་སོགས་ཀྱི་དྲི་བ་བཏོན་པ་ན།

འཐུས་མི་ཁྲིན་ཀང་གིས་བཤད་རྒྱུར།  འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལ་རྒྱལ་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས་པ་དང་། དོན་དག་དེ་ཇི་ལྟར་ཐག་གཅོད་པ་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ཇི་ལྟར་ལག་བསྟར་བྱེད་རྒྱུ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུས་ངེས་པར་དུ་ཐད་ཀར་གདོང་གཏོད་དགོས་པའི་གནད་དོན་ཞིག་ཡིན། དེ་ཐག་གཅོད་པའི་ཐད་ནས་ཞིང་ཆེན་ཏང་ཨུའི་རྣམ་འགྱུར་ཧ་ཅང་གསལ་བོ་ཡིན་ཏེ། གཟབ་ནན་གྱི་བྱེད་ཐབས་སྤྱད་པ་དང་། ཁྲིམས་སྲོལ་ལྟར་ཐག་གཅོད་བྱས་ལ། ཕོག་ཐུག་གཏོང་བར་མི་སྐྲག་པ་དང་སྐད་ཆ་འདྲ་མིན་བཤད་པར་མི་འཛེམ་པ། ཁག་གཡོགས་ལ་མི་སྐྲག་པར། དོན་དག་དེར་ཞིབ་དཔྱད་ཐག་གཅོད་བྱས་པར་མ་ཟད། དོན་དག་དེ་བྱུང་བའི་རྒྱུ་རྐྱེན་ལ་ཡང་ཞིབ་དཔྱད་ཐག་གཅོད་ནན་མོ་བྱེད་པ་ལས་བཟོད་སྒོམ་སྤུ་ཙམ་ཡང་བྱས་མེད། གནད་དོན་དེ་ཐག་གཅོད་བཟང་བོ་བྱེད་པའི་ཐད་ནས། ཞིང་ཆེན་ཏང་ཨུའི་བསམ་བློ་ཧ་ཅང་གཅིག་མཐུན་ཡིན་ཏེ། གཅིག་ནས་རང་སྟེང་གི་འབུར་ཐོན་གནད་དོན་མཐོང་བར་མ་ཟད་ཕ་རོལ་བའི་གནད་དོན་ཡང་ཐེར་འདོན་བྱས་པ་དང་། དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་སྤེལ་ནས། ཉེ་འགྲམ་གྱི་དཔེ་མཚོན་གྱོད་གཞིས་ཉེ་འགྲམ་གྱི་མིར་སློབ་གསོ་བཏང་ཡོད། གཉིས་ནས། གཅིག་ཤེས་ཀུན་གྲོལ་གྱིས་དུས་ཡུན་ཟླ་དྲུག་རིང་གི་གཅིག་བསྡུས་ཆེད་དོན་བཅོས་སྐྱོང་སྤེལ་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་མཁྲེགས་གཏོར་གཡུལ་འཐབ་བྱས། གསུམ་ནས་སྒྲིག་འཛུགས་ལུགས་གཏོད་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་འགར་བཟོ་བཅོས་བྱས་ལ། ནན་འགོག་བཅུའི་སྒྲིག་ལམ་ཕྱིར་བཏོན་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་རྒྱུན་སྐྱོང་གཡུལ་འཐབ་བཟང་བོ་བྱས། གཟབ་ནན་གྱི་སྣང་ཚུལ་འོག རིམ་པ་སོ་སོའི་ལས་བྱེད་པའི་བསམ་པའི་རྣམ་པ་དང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྐྱེ་ཁམས་ལ་འགྱུར་ལྡོག་བྱུང་བ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་སྣང་ཚུལ་རིམ་པ་བཞིན་གྲུབ་པར་བྱས་ལ། ལས་བྱེད་པའི་ཁྲོད་ཀྱི་དངོས་སྒྲུབ་མཁན་ཇེ་མང་དུ་སོང་བ་དང་། སྟོང་བཤད་ཀྱི་མི་ཇེ་ཉུང་དུ་སོང་། དཀའ་ངལ་གདོང་གིས་བསུ་ཕོད་པའི་མི་ཇེ་མང་དུ་སོང་བ་དང་། འགལ་རྩོད་ལ་ཐུག་དུས་བྲོས་གཡོལ་བྱེད་པའི་མི་ཇེ་ཉུང་དུ་སོང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་པའི་སྤོབས་པ་ཆེར་བསྐྱེད་པ་དང་། ལས་བྱེད་པའི་བློ་རྩེ་ས་གནས་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བའི་བྱ་བའི་སྟེང་བསྒྱུར། དེ་དང་མཉམ་དུ། ན་ནིང་མཚོ་སྔོན་གྱི་གསར་འཕར་དངུལ་བུན་ལྷག་སྒོར་དང་མ་དངུལ་བཀོལ་ཚད་མངོན་གསལ་སྒོས་ཇེ་མང་དུ་སོང་ལ། དེས་ཚོང་རས་མཚོ་སྔོན་འཕེལ་རྒྱས་ཀྱི་གོ་སྐབས་ལ་ལྟ་སྟངས་བཟང་བོ་བཅངས་པ་མཚོན་ཐུབ་པ་དང་། མཚོ་སྔོན་ཧ་ཅང་གལ་ཆེ་བ་དང་གནད་འགག་གི་འཕེལ་རྒྱས་དུས་སྐབས་ཤིག་ཏུ་སླེབས་ཡོད་པ་མཐོང་ཐུབ། གོ་རིམ་རྗེས་མར། ཞིང་ཆེན་ཏང་ཨུས་ཏང་གི་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ལས་འགན་གཙོ་བོར་དམ་དུ་དམིགས་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པའི་ཕྱོགས་ནས་མུ་མཐུད་དུ་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་རྒྱུ་ཡིན་ཟེར།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་བཏོན་པའི་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཐད་ཀྱི་འབྲེལ་ཡོད་དྲི་བར་ལན་བཏབ། འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། དེང་སྐབས་ཀྱི་རབ་མཛེས་མཚོ་སྔོན་གྱི་གནས་བབ་བཟང་ལ་ཁོར་ཡུག་ཧ་ཅང་མཛེས་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་ཚད་ཧ་ཅང་མགྱོགས་ལ། ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད། གཅིག་ནི་འཕེལ་རྒྱས་ཀྱི་ཆ་རྐྱེན་བཟང་། མཚོ་སྔོན་དུ་ཆུ་མོད་པ་དང་ཉི་འོད་འཛོམས་ལ། ཡུལ་ལྗོངས་མཛེས་ཤིང་ས་རྒྱ་ཆེ་བར་མ་ཟད། ཁ་གསབ་རང་བཞིན་ལྡན་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁྱད་དུའཕགས་པའི་ཐོན་ཁུངས་ཀྱི་དགེ་མཚན་དང་སྦས་ཤུགས་ཆེན་པོ་ཡོད། གཉིས་ནི་འཕེལ་རྒྱས་ཀྱི་རྣམ་པ་བཟང་། དག་གཙང་ནུས་ཁུངས་དང་ནུས་ཁུངས་གསར་བའི་འཕྲུལ་འཁོར་སྒྲིག་ཆས་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཆེས་མཐོན་པོ་ཟིན་པ་དང་། ཕྱིར་སྐྱེལ་ལམ་བུ་དང་རྐང་འཛིན་གློག་དྲ་གཅིག་འདོམས་སྒོས་སྤེལ་ལ། ཉི་འོད་ནུས་པའི་བཟོ་སྐྲུན་ཐད་ནས་ཆ་ཚང་བའི་ཐོན་ལས་ཕྲེང་འབྲེལ་གྲུབ་པ་དང་། ནུས་གསོག་ལག་རྩལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས།  གསུམ་ནི་འཕེལ་རྒྱས་ཀྱི་སྤུས་འབྲས་བཟང་། ཉི་འོད་ནུས་པ་དང་སྐྱེ་ཁམས། ཞིང་ཕྱུགས་ལས་མཉམ་འབྲེལ་གྱི་ལྗང་མདོག་འཁོར་རྒྱུག་གི་པར་གཞི་གྲུབ་པར་བྱས་པ་དང་། ཐང་རྒོད་དམངས་ཕྱུག་ལྗང་ཁུལ་དུ་བསྒྱུར་བ་དང་ཉི་འོད་ནུས་པའི་ཕྱུགས་ར་རུ་བསྒྱུར། རྒྱལ་ཡོངས་སུ་ཐོག་མར་ལྗང་གློག་གི་གནད་ཕིགས་ཁུངས་འཚོལ་མངོན་འགྱུར་བྱས་པ་དང་། ཐོག་མར་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཚད་གཞི་ཁྱབ་བསྒྲགས་བྱས་ནས། ལྗང་མདོག་གི་ཡིད་རྟོན་དངུལ་བུན་ཁེབས་ཚད་རྒྱལ་ཡོངས་ཀྱི་རྩེ་གྲས་སུ་སླེབས་པར་བྱས་པ་དང་།  ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ནུས། ལྗང་མདོག་དངུལ་རྩ་བཅས་མཉམ་དུ་འཕེལ་རྒྱས་སུ་བཏང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མི་གྲངས་ཕྱེད་ཀའི་ཡན་ལ་ཕན་བཏགས་པ་དང་། མཚོ་འཕགས་མཐོ་བའི་ས་ཁུལ་དུ་དག་གཙང་དྲོད་འདོན་ཁྱབ་གདལ་བཏང་སྟེ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཐད་ཀྱི་མཉམ་རྒྱལ་མངོན་འགྱུར་བྱས། བཞི་ནི་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་། མ་འོངས་པའི་ལོ་ལྔ་ནས་ལོ་བཅུ་ནི་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་དུས་སྐབས་བཟང་བོ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོས་ཡིད་ལ་དམ་པོར་འཛིན་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པར་དམིགས་ནས། རྒྱལ་ཁབ་ནུས་ཁུངས་ཅུའུ་བར་བཙུགས་པའི་མཉམ་འབྲེལ་རྐྱེན་སྲོལ་ལག་བསྟར་བཟང་བོ་བྱེད་པ་དང་། འཆར་འགོད་དང་སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས་གནས་ལྔ་གཞི་གཅིག་གི་སྐུལ་སྤེལ་རྣམ་པ་འཛུགས་པ། རིགས་གསར་བའི་གློག་ཤུགས་མ་ལག་འཐུས་ཚང་དུ་གཏོང་བ། དག་གཙང་ནུས་ཁུངས་ཀྱི་དགེ་མཚན་བསྒྱུར་བར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་བསྐྲུན་ནས། དག་གཙང་ནུས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ལམ་བུ་གསར་བ་ཞིག་གཏོད་རྒྱུ་ཡིན།

འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཐད་ནས་ཁྲིན་ཀང་ལ་དྲི་བ་བཏོན།

འཐུས་མི་ཁྲིན་ཀང་གིས་བཤད་རྒྱུར། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་དོན་གལ་ཆེན་ཡིན་པ་དང་།  རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་དགོས་པའི་ཐུགས་རེ་བཏོན་ལ། མཚོ་སྔོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་རླབས་ཆེན་འཆར་གཞི་བཀོད། ཆེས་ཐོག་མར་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། ང་ཚོས་ནམ་ཡང་སྐྱེ་ཁམས་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཚད་ལྡན་པ་ཞིག་བྱེད་པར་ཡིད་མི་ཚིམ་པར། ཕུལ་བྱུང་མཁན་ཞིག་བྱེད་རྒྱུར་བརྩོན་ལེན་བྱས་ཡོད། མཚོ་སྔོན་འཛམ་གླིང་སྟེང་གི་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་གཅིག་བསྡུས་ཡིན་པའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། མདོ་དབུས་མཐོ་སྒང་སྟེང་གི་དངོས་རིགས་གཞི་རྒྱུ་མཛོད་གལ་ཆེན་དང་། ཨ་ཧྥེ་རི་ཁའི་རྩྭ་ཐང་ཆེན་པོ་ཕུད་པའི་རི་དྭགས་གནས་སྤོ་དང་ཟས་རིགས་ཕྲེང་འབྲེལ་ཧྲིལ་བོ་མཐོང་ཐུབ་པའི་ཐང་སྟོང་ཡིན། ས་འདི་རུ་འཚོ་གནས་བྱེད་པའི་རི་སྐྱེས་སྲོག་ཆགས་སྔར་ལས་བདེ་འཇགས་ཡོང་ཆེད། ང་ཚོས་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་འདོར་བསྐྱུར་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ་བཅས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཁྲོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལམ་བུ་འཚོལ་ཞིབ་བྱས་པ་དང་། དེ་རུ་འཚོ་སྡོད་བྱས་པའི་འབྲོག་པ་མང་ཚོགས་སྐྱེ་ཁམས་དོ་སྲུང་པ་བྱས་པ་དང་། འབྲོག་པ་མང་ཚོགས་ཁ་ཤས་ད་དུང་ལས་ཞོར་བརྙན་ལེན་པ་བྱས་ནས། བརྩམས་ཆོས་ལ་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་ཀྱི་པར་ལེན་བྱ་དགའ་ཐོབ་ནས། འཛམ་གླིང་ཡོངས་ཀྱིས་མཚོ་སྔོན་ལ་རྒྱུས་ལོན་ཐུབ་པ་བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་ཐད་ཀྱི་མཉམ་རྒྱལ་མངོན་འགྱུར་བྱས།

ཞང་ཀང་ཏ་ཀུང་ཝུན་ཧོས་སྨྱན་བྱད་སྡེ་ཚོགས་ཀྱི་གསར་འགོད་པས་འཐུས་མི་ཝང་ཧྭ་ཅེ་ལ་ན་ནིང་གི་ཅི་ཧྲི་ཧྲན་གྱིཚད་རིམ6.2གྱི་ས་ཡོམ་བྱུང་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་དྲི་བ་བཏོན། འཐུས་མི་ཝང་ཧྭ་ཅེ་ཡིས་བཤད་རྒྱུར། ང་ཚོས་ནམ་ཡང་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་པ་དང་། ཕྱོགས་ཡོངས་ནས་ཞིབ་དཔྱད་གཏན་འབེབས་དང་ཚན་རིག་གི་དཔྱད་འཇོག་བྱས་པའི་རྨང་གཞིའི་སྟེང་། མང་ཚོགས་ཀྱི་བསམ་ཚུལ་རྒྱ་ཆེར་བསྡུ་ལེན་བྱས་པ་དང་། མང་ཚོགས་ཀྱི་འདོད་བློར་བརྩི་བཀུར་བྱས་ལ། མིག་སྔར་སྤུས་ཚད་མཐོན་པོས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་ལག་བསྟར་ཇུས་གཞི་དང་ཁང་བ་ཞིག་གསོ་སྲ་བསྒྱུར་བསྐྱར་འཛུགས་ཇུས་གཞི་སོགས་ཞིབ་འཇུག་གཏན་འབེབས་བྱས་ནས། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་ལས་གཞི་གསལ་ཁྲ་གྲུབ་པར་བྱས་ཡོད། ནམ་ཟླའི་ཆ་རྐྱེན་གཞིར་བཟུང་ནས། ལས་གཞི་ཡོངས་རྫོགས་ཟླ3པའི་ཟླ་མཇུག་ཏུ་འཛུགས་སྐྲུན་བྱེད་འགོ་རྩོམ་པ་དང་། ཁ་དང་ག་རིམ་པའི་གནོད་ཐེབས་ཁང་བ་ཞིག་གསོ་སྲ་བསྒྱུར་བཟོ་སྐྲུན་ཟླ7པའི་ཟླ་མཇུག་སྔོན་དུ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་ངེས་ལ། ང་རིམ་པའི་བརྡིབས་པའི་ཁང་བ་ཟླ10པའི་ཟླ་མཇུགསྔོན་དུ་ཡོངས་འགྲུབ་བྱ་རྒྱུ་ཡིན་པར་མ་ཟད། མང་ཚོགས་ནང་དུ་སྡོད་ཐུབ་པར་བྱ་རྒྱུ་ཡིན། 

རིན་ཆེན་མཚོས་བསྒྱུར།