རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2024.03.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་ཚོགས་འདུར་འགོ་འཛིན་གནང་།

ཚོགས་འདུར་མི་བརྒྱ་དང་གྱ་གཅིག་ཞུགས་དགོས་པ་དང་། མི་བརྒྱ་དང་དོན་བདུན་ཚོགས་འདུར་ཞུགས་ཡོད་ལ་མི་བཞི་ཚོགས་འདུར་ཞུགས་ཐུབ་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།

ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་ནན་ཏན་གྱིས་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་ཚུལ་གཞིར་བཟུང་སྟེ། བཟོ་བཅོས་མ་ཡིག་ལ་བཟོ་བཅོས་རྒྱག་པར་གྲོས་ཞིབ་བྱས་ཤིང་། བཟོ་བཅོས་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་བཟོ་བཅོས་བྱེད་པའི་བསམ་འཆར་གྱི་སྙན་ཞུར་ཉན། ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད། གོང་གསལ་སྙན་ཞུ་དང་བཟོ་བཅོས་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་ལ་གྲོས་འཆམ་བྱུང་བར་མ་ཟད། བཟོ་བཅོས་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་བརྡས་ཐག་གཅོད་པར་སྤྲོད་རྒྱུ་ཐག་བཅད།

ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོ་དང་ཚེས10ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། རྗེས་ཕྱོགས་ཀྱི་ལོ་གཅིག་གི་བྱ་བའི་བཀོད་སྒྲིག་ལ་ཡོངས་སུ་འཐད་པ་ཡིན་ཞེས་བསྟན། གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་སྙན་ཞུ་དང་དམངས་ཆེན་བྱ་བའི་ཐད་བསམ་འཆར་དང་གྲོས་གཞི་རེ་འགའ་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་པ་དང་སྙན་ཞུ་ལ་བཟོ་བཅོས་བརྒྱབ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་ཚུལ་དང་སྙན་ཞུའི་བཟོ་བཅོས་གནས་ཚུལ་གཞིར་བཟུང་སྟེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ཚབ་འབྲི་བྱས། ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཟླ3པའི་ཚེས9ཉིན་ཧྲིལ་བོ་དང་ཚེས10ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། རྗེས་ཕྱོགས་ལོ་གཅིག་གི་བྱ་བའི་བཀོད་སྒྲིག་ལ་འཐད་པ་ཡིན་ཞེས་བསྟན། གྲོས་ཞིབ་བྱེད་སྐབས་འཐུས་མི་རྣམས་ཀྱིས་བསམ་འཆར་དང་གྲོས་གཞི་རེ་འགའ་བཏོན། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་གཞིར་བཟུང་ནས་སྙན་ཞུར་བཟོ་བཅོས་བརྒྱབ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་དང་སྙན་ཞུར་བཟོ་བཅོས་བརྒྱབ་པའི་གནས་ཚུལ་ལྟར། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་གཉིས་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པར་མ་ཟད། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ཚབ་འབྲི་བྱས། ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད། གོང་གི་གྲོས་ཆོད་འཆར་ཟིན་གཉིས་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཚོགས་ཐོག་ཏུ་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཅུན་ཁྲིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་ཚུལ་གྱི་སྙན་ཞུར་ཉན། ལིའུ་ཅུན་ཁྲིན་གྱིས་བཤད་རྒྱུར། ཟླ3པའི་ཚེས་8ཉིན་གྱི་ཆུ་ཚོད་བཅུ་གཉིས་བར་དུ། ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་གྲོས་གཞི་ཉིས་བརྒྱ་གོ་བརྒྱད་འབྱོར། དེའི་ཁྲོད་དུ་འཐུས་ཚབ་ཚོགས་པས་གྲོས་གཞི་ཉེར་དྲུག་སྤྲད་ཡོད་ལ། མི་སུམ་ཅུ་ཡན་གྱི་མཉམ་འབྲེལ་མིང་ཐོག་ནས་གྲོས་གཞི་ཉིས་བརྒྱ་དོན་གཉིས་སྤྲད་ཡོད། གྲོས་གཞི་འདི་དག་གི་ཁྲོད་དུ། ཁྲིམས་འཛུགས་ཕྱོགས་ཀྱི་གྲོས་གཞི་ཉིས་བརྒྱ་གོ་བཞི་ཡོད་པ་དང་། དེའི་ནང་བཅའ་ཁྲིམས་ཀྱི་རིགས་ཉིས་བརྒྱ་གོ་གཉིས་དང་། འབྲེལ་ཡོད་ཐག་གཅོད་དོན་དག་གཉིས་ཡོད་ལ། འབྲེལ་ཡོད་ལྟ་སྐུལ་ཕྱོགས་ཀྱི་གྲོས་གཞི་བཞི་ཡོད། གྲོས་གཞིའི་ནང་དོན་གཙོ་བོར་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་དང་དྲང་གཞག་ཁྲིམས་འཛིན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱེད་པ། ཚན་རྩལ་གྱིས་རྒྱལ་ཁབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་འཐབ་ཇུས་ལག་བསྟར་བྱས་ཏེ་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཡོད། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞིར་རེ་རེ་བཞིན་ཞིབ་འཇུག་དང་དབྱེ་ཞིབ་ཟབ་མོ་བྱས་ཤིང་། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཞིབ་གྲོས་གཞིའི་ཁྲོད་འཇོག་མི་དགོས་པར་འདོད་པས། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་སོ་སོར་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་གྲོས་གཞི་བཏོན། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་གྲོས་གཞིར་གྲོས་ཞིབ་བྱས་རྗེས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་འབུལ་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་བརྒྱུད།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་དཔར་ནས་འགྲེམ་རྒྱུ་རེད། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱེད་པ་དང་འབྲེལ་ཡོད་བྱ་བའི་ཐད་ནས་གྲོས་གཞི་འགའ་བཏོན་ཡོད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིམས་འཛུགས་བྱ་བར་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུ་དང་། ཏང་གི་ཁྲིམས་འཛུགས་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་གཞི་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་ཁེལ་གནང་བའི་ཁྲིམས་འཛུགས་ལས་འགན་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱ་རྒྱུ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་འཐུས་མི་ཁྲིམས་འཛུགས་བྱ་བའི་ཁྲོད་ཁྱབ་ཆེ་ཞིང་ཟབ་ཚད་མཐོ་བའི་སྒོ་ནས་ཞུགས་སུ་འཇུག་རྒྱུ། རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་ནས་འགོ་རྩོམ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཅའ་ཁྲིམས་མ་ལག་འཛུགས་པ་དང་ཁྲིམས་འཛུགས་བྱ་བའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས། བརྟན་ཐོག་ཡར་འཕེལ་སྒོས་ཁྲིམས་འཛུགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད།

ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ཡི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་ཚུལ་གྱི་སྙན་ཞུར་གྲོས་འཆམ་བྱུང་།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཧུང་ཀྲུང་དང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐིས་ཀྲ་ཁི་ཨར། ལིའུ་ཆི་བཅས་ཚོགས་འདུར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།