རང་རེའི་བོད་ཀྱི་ཕུལ་བྱུང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཡ་གྱལ་དུ་གྱུར་བའི་སྲིད་པའི་གླུ་རྒན་ཏེ་ལ་གཞས་སྒྱུ་རྩལ་འདི་ནི་མེས་པོའི་ཤེས་རབ་ལས་འཁྲུངས་པའི་དམངས་ཀྱི་བསམ་བློའི་རྒྱགས་ཕྱེ་ཞིག་ཡིན་ལ། འདིས་བོད་རིགས་མི་དམངས་ཀྱི་བསམ་པའི་སྙིང་སྟོབས་དང་། ཡུལ་སྲོལ་གོམས་གཤིས། བསམ་བློའི་འཁྱེར་སོ། དགའ་སྐྱོ་ཆགས་སྡང་བཅས་ཀྱི་འཚོ་བ་ཅིག་ཅར་མཚོན་ཡོད།
སྤྱི་ཟླ5བའི་ཚེས26ཉིན་མཚོ་བྱང་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་རྫོགས་རྗེས་ང་ཚོ་སྒྲ་ཕབ་ཚན་ཆུང་མཚོ་ནུབ་འགྲན་ཁུལ་དུ་ཆས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་གཏེར་ལམ་རྫོང་རིག་གནས་ཁང་གི་རོགས་སྒྲུབ་འོག་མཚོ་ནུབ་འགྲན་ཁུལ་གྱི་ཚོགས་རའི་བཀོད་སྒྲིག་དང་སྟ་གོན་གྱི་བྱ་བ་ཡོངས་སུ་ཚགས་པར་བྱས་ཏེ་འགྲན་སྡུར་གྱི་མགོ་དངོས་སུ་བརྩམས། མཚོ་ནུབ་འགྲན་ཁུལ་དུ་བསྡོམས་པས་གླུ་བ་གླུ་མ་བཞི་བཅུ་ལྷག་ཡོད་ལ། འགྲན་ཞུགས་གླུ་བ་གླུ་མ་ཚོས་དུངས་པའི་དབྱངས་རྟ་སྙན་མོ་མགྲིན་པའི་ངག་ལ་དྲངས་ཤིང་དྲན་པའི་ཞེ་སེམས་དྲོན་མོ་སེམས་པའི་མཐིལ་ལ་བཏབ་སྟེ། བདེ་མོའི་ངག་དང་སྙན་པའི་དབྱངས་ཀྱི་རྩལ་ནུས་ཡོད་རྒུ་བཏོན་ནས་རོགས་འགྲོགས་པའི་སྐོར་དང་། རོགས་མཐུན་པའི་སྐོར། རོགས་དྲན་པའི་སྐོར། ཁ་བྲལ་བའི་སྐོར། རོགས་འགལ་བའི་སྐོར། ལབ་ཀྱི་སྐོར་སོགས་དབྱངས་རྟ་སྙན་མོ་ཉན་མཁན་ཁྲི་སྟོང་གི་སེམས་པའི་ཟབ་སར་དྲངས།
ཉིན་བཞིའི་རིང་གི་ཛ་དྲག་གི་འགྲན་སྡུར་བརྒྱུད་དཔྱད་འདེམ་པ་རྣམ་པས་འདྲ་མཉམ་དང་། དྲང་བདེན། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་དཔྱད་འདེམ་བྱས་མཐར་གླུ་བ་ལྔ་དང་གླུ་མ་ལྔ་སྟེ་བསྡོམས་པས་གླུ་བ་གླུ་མ་བཅུ་བསྐྱར་འགྲན་གྱི་ཁྲོད་དུ་ཚུད།
ལ་གཞས་ནི་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་ཞིང་། ཕོ་མོ་ཟུང་གི་དྲན་པ་ཐམས་ཅད་སྙན་འགྱུར་ངག་གི་རྩལ་ལ་དྲངས་པའི་ངག་བརྒྱུད ་རིག་གནས་རྩ་ཆེན་ཞིག་ཡིན་ལ། བོད་ཀྱི་ལ་གཞས་རིག་གནས་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ་ལ་དམིགས་ཏེ། སྡེ་ཆེན་རྩེད་རའི་གར་སྟེགས་འདི་ལ་དམངས་ཁྲོད་ན་དགའ་བསུ་ཆེན་པོ་ཐོབ་ཡོད།
སྡེ་ཆེན་རྩེད་ར་མེས་པོའི་གཅེས་ནོར་ཡིན།།
སྡེ་ཆེན་རྩེད་ར་སྲིད་པའི་ཞེ་འདང་ཡིན།།
སྡེ་ཆེན་རྩེད་ར་ཡིད་ཀྱི་དྲན་ཤིང་ཡིན།།
སྡེ་ཆེན་རྩེད་ར་སེམས་ཀྱི་ལོངས་སྤྱོད་ཡིན།།
རོགས་རྩེ་གི་འགྲོ་ན་རྩེད་གི་འགྲོ།
རོགས་རྩེ་གི་སྡེ་ཆེན་གྲོང་ལ་འགྲོ།
སྡེ་ཆེན་པོ་མྱི་ཁ་རྒོད་ས་རེད།།
རོགས་དེ་ནས་རྩས་ན་རྩེས་ནི་ཡིན།།
སྡེ་ཆེན་པོ་རྩེད་ཁང་དགུ་ཐོག་རེད།།
རོགས་ཆུང་ལོ་དུང་ཟླ་རང་ཤར་རེད།།
རྩེད་ཐུབ་ན་རང་གི་བསོད་ནམས་རེད།།
རོགས་འུ་གཉིས་ཞེ་འདང་བརྗེད་མེད་ཡིན།།
བརྗེད་སོང་དུས་སྐྱེ་བ་རྗེས་མ་ཡིན།།
རྟ་འདོ་བ་སྙིང་ལ་རྗེ་བོ།།
གཅིག་མ་ཞོན་ལོ་གསུམ་འགོར་ཡོད།།
ལོ་འགོར་རུང་ཡིད་ན་བརྗེད་མེད།།
སྟོད་སོག་པོ་རྟ་རའི་ནང་གི།
ངས་གྱི་ལིང་གྱོ་རྒྱ་བསམ་ནས།།
ས་སྤང་དཀར་ཀླད་ལ་མ་སོང་།།
ས་སྡེ་ཆེན་དཀྱིལ་གྱི་རོགས་ལོ།།
བལྟས་དང་ན་མིག་ལ་ཡག་གི།
འགྲོགས་དང་ན་སྣང་བ་མཐུན་གི།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཚིག་བཤད་ཤེས་གཏམ་ཤེས་བྱོས་ར།།
ཚེ་གང་གི་ཚེ་གྲོགས་ལོས་ཉན།།
ངའི་མགོ་སྦྲ་གྲུ་བཞི་མཁར་ཡིན།།
མཁར་གྲུ་བཞི་མི་བསམ་ཁྱོད་བསམ།།
ཁྱོད་བསམ་ནས་བསྡད་ན་ཨེ་ཆོག།
ང་ཕ་བཟང་བུ་མོ་མིན་རུང་།།
ཚིག་སྙན་མོ་བཤད་ཕྱོགས་ཤིག་གིས།།
ཁྱོད་ས་ལ་སྣང་བ་མཐུན་གི།
ཤར་ཕྱོགས་ཤར་རིའི་རྩེ་ནས།།
ངས་ཤྭ་བོའི་རྭ་ཟིག་རྙེད་ཡོད།།
རྭ་གོང་ཆེན་ཡིན་ནོ་ཤེས་ནས།།
ས་ཙོང་ཆུའི་ཕྱོགས་ལ་བསྐོར་ཡོད།།
རོགས་ཆུང་ལོ་རྩེད་ལ་དགོད་རེད།།
ང་རྩེད་རོགས་ཞི་ལིའི་འདོད་རེད།།
ཆུ་དང་ཆུ་མགོ་ཆ་མེད་རེད།།
ཆུ་ཐོམ་གསུམ་བཅུས་ན་ཆ་ཡོད་རེད།།
ང་རྒན་པོ་ད་སྐབས་རྒས་སོང་ཟིག།
ངས་དེངས་མའི་རོགས་ལོ་བརྗེད་སོང་ཟིག།
རོགས་ཞེ་མདངས་ཅན་པོའི་ཕྱོགས་ལ།།
ངས་དྲན་པའི་ཚིག་གསུམ་བསྐུར་ཡོད།།
རོགས་ཆུང་ལོ་དྲན་དྲན་གླེང་གླེང་ཞིག།
ཡུལ་ཕ་མ་དྲན་ནས་གླེང་མ་མྱོང་།།
དཔྱད་འདེམ་པའི་སྡེ།
ལྟད་མོ་བའི་སྡེ།
ལས་བྱེད་པའི་སྡེ།