ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་མཚོ་ལྷོ་འགྲན་ཁུལ་གྱི་བསྡུས་འཕྲིན།
2024.06.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 119

མཚོ་སྔོན་པོ༼   སྨོན་ལམ་མཐོན་པོ་རྟགས་མ ༽  ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ལྷོ་འགྲན་ཁུལ་གྱི་བསྡུས་འཕྲིན།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་མཚོ་སྔོན་པོ༼སྨོན་ལམ་མཐོན་པོ་རྟགས་མ༽ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་མཚོ་ལྷོ་འགྲན་ཁུལ་གྱི་སྒྲ་ཕབ་ཚན་ཆུང་སྤྱི་ཟླ6པའི་ཚེས3ཉིན་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ། མདོ་སྨད་ལ་གཞས་རིག་གནས་སྒྱུ་རྩལ་གྱི་ཕ་ས་སྟེ། གསེར་གྱི་ཉི་ཟླ་རི་བོ་རྟག་པར་བརྗིད་ཅིང་མཚོ་ཆེན་ཁྲི་ཤོར་རྒྱལ་མོས་ཀུན་ནས་བརྒྱན་པའི་མཚོ་ལྷོ་ཆབ་ཆ་གྲོང་རྡལ་དུ་འབྱོར།

ཐེངས་འདིའི་འགྲན་སྡུར་ལ་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་ལྷོ་ཁུལ་རིག་གནས་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པ་དང་། དཀར་མོ་སི་ཏཱ་ནང་མ་སྤྲོ་སྐྱིད་ཁང་གིས་རོགས་སྒྲུབ་བྱས་འོགཡུལ་དངོས་སྒྲ་ཕབ་ལས་ཀ་དང་གླུ་བ་གླུ་མའི་འགྲན་སྡུར་ཨང་རིམ་རྒྱན་ལེན་སོགས་ཀྱི་སྟ་གོན་བྱ་བ་ཡོད་ཚད་ཚགས་སུ་ཆུད་པར་བྱས་ཏེ་འགྲན་སྡུར་དངོས་སུ་མགོ་བརྩམས།

དཔྱད་འདེམ་པའི་སྡེ།

མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམ་པ་ནི་རྒྱལ་ཁབ་རིམ་པའི་ལ་གཞས་རྒྱུན་འཛིན་པ་ཚེ་དཔལ་སྐྱབས་དང་། རྒྱལ་ཁབ་རིམ་པ་གཉིས་པའི་འཁྲབ་སྟོན་པ་མཁར་བྱམས་རྒྱལ། ཞིང་ཆེན་རིམ་པའི་ལ་གཞས་རྒྱུན་འཛིན་པ་ལྕགས་མོ་རྒྱལ།ཞིང་ཆེན་རིམ་པའི་དམངས་གླུའི་རྒྱུན་འཛིན་པ་བཀྲ་ཤིས་ཚེ་རིང་། དེ་མིན་གླུ་བ་གྲགས་ཅན་སྒྲོལ་མ་ཚེ་རིང་བཅས་ཡིན།

ལས་བྱེད་མི་སྣ།

རེབ་འདིའི་ཐོག་མའི་འགྲན་སྡུར་ལ་མཚོ་ལྷོའི་རྫོང་ཁག་སོ་སོ་ནས་གླུ་བ་གླུ་མ་ཉི་ཤུ་ལྷག་ཞུགས་ཡོད་པ་དང་། ལོ་སྔོན་མ་དག་དང་བསྡུར་ན་ལྟོས་བཅས་ཀྱིས་འགྲན་ཞུགས་པ་ཅུང་ཟད་ཉུང་ནའང་། མདོ་སྨད་ས་ཆའི་དམངས་ཁྲོད་ལ་གཞས་རིག་གནས་སྒྱུ་རྩལ་ལ་དུངས་ཤིང་མོས་པའི་ཕ་ཡུལ་མཚོ་ལྷོའི་གླུ་བ་གླུ་མ་རྒན་པ་དག་གིས་སྣེ་ཁྲིད་ནས་ཆེད་ཞུགས་བྱས་པར་བརྟེན། གསར་སྐྱེས་གླུ་བ་གླུ་མ་སྐོར་ཅིག་ཀྱང་ཟབ་ཞུགས་བྱས་ཡོད་པར་མ་ཟད། རང་རེའི་ལ་གཞས་རིག་གནས་ཀྱི་གཉུག་མའི་འགྲོ་སྟངས་ཏེ་སྲོལ་རྒྱུན་ལེན་སྟངས་གཞིར་བཟུང་ནས་ཐོག་མའི་རྩེད་མགོ་རྩོམ་པ་ནས་མཇུག་གི་བདེ་མོ་འཇོག་པའི་གོ་རིམ་ཁ་ཚང་དོན་གྲུབ་ཀྱིས་བླངས་པས། ཡུལ་དངོས་ལྟད་མོ་བ་རྣམས་ཀྱིས་དགའ་བའི་ཐལ་མོ་ལྷང་ལྷང་བརྡབས་ནས་ཡིད་ཀྱི་བརྩེ་བའི་སྐོམ་པ་ཁྱོན་ནས་སེལ་ཡོད།

འགྲོག་མགོ་མའི་མགོ་མ་འཛིན་དུས།།

མགོ་ཕྱིང་དཀར་འདྲ་ཞིག་མཐུན་དགོས།།

ཁྲེལ་བྱུར་དམར་འདྲ་ཞིག་ཡོད་དགོས།།

དབྱར་དྲུག་པའི་ཆར་ཆུ་བརྒྱབ་རུང་།།

བརྟོལ་མི་ཐུབ་ཡིད་ཚོད་ཡོད་དགོས།།

རྟ་འདོ་བའི་སྒ་ཁྲ་ཀྲིག་ཀྲིག་ཀྲིག།

ཡོབ་ཕྲ་མོའི་ནང་ལོང་ལམ་ལམ་ལམ།།

གོས་ཚ་རུའི་གོང་བ་འཇོལ་ལོ་ལོ།།

ཁ་ལ་གཞས་རྩེད་སྐོར་ལྷང་ལྷང་ལྷང་།།

རོགས་ཆ་མེད་རྩེད་ཕྱོགས་འུ་རུ་རུ།།

ཡར་བལྟས་གི་ན་དམར་གཞུང་ནས།།

ཕྱི་རྟ་བརྒྱ་དུམ་ཚིགས་གཤར་གི།

ངའི་རྒྱུག་རོགས་འདོ་བ་ལྷང་རེད།།

གླིང་སེང་ཆེན་རྐྱང་ངེ་མིན་ནས།།

ཆགས་འཇོག་སའི་རྟ་ཞིག་མེད་གི།

རྒོད་ཐང་དཀར་དུང་གི་ཕྲེང་བ་ཅན།།

སྐེ་ཕྲེང་བ་ཅན་པོ་དབྱིངས་ནས་སྡུག།

གླག་རོག་མོ་གཡུ་ཡི་སྒྲོ་ཕྲན་ཅན།།

སྒྲོ་མཚལ་ཁ་ཅན་པོ་བྲག་ནས་སྨྲེང་།།

ས་སྨད་ཕྱོགས་རྩེད་ས་རྩེད་ཡུལ་རེད།། གོས་གློ་དམར་གློག་དམར་འཁྱུག་ས་རེད།།

སྦྲ་མཐིང་སྨུག་རྩེད་ར་སྒོ་མེད་རེད།། རོགས་མདངས་ཆེན་ཡོང་ནས་ཐུག་ས་རེད།།

ངས་སྡེ་ཆེན་རོགས་ལོ་དྲན་གི་ཡོད། ། ཁ་ལ་གཞས་བླངས་ནས་སྨྲེང་གི་ཡོད། །

རྫ་ཁྲ་ཡག་ཁ་ཐག་ཁེར་ལམ་རེད།།

འབྲོང་བྲེ་ལོ་བྱང་ན་ཁེར་འགྲོ་རེད།།

མགོ་རུ་ཐུར་རྩི་ཐུར་སོ་བ་རེད།།

ནང་འབྲོང་བརྒྱ་སང་ཐུག་གནངས་ཐུག་རེད།།

ངའི་མི་ཐུག་འབྲོང་མོ་གཞན་གྱི་རེད།།

ཐུག་འདོད་རུང་རྫ་ལུང་ཆ་མེད་རེད།།


གསར་འགོད་པ། ཚེ་རིང་བཀྲ་ཤིས། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསྟན་འཛིན། ཚེ་རིང་བཀྲ་ཤིས།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།