ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་ལས་མཚོ་ཤར་འགྲན་ཁུལ་གྱི་བསྡུས་འཕྲིན།
2024.06.23 ཁུངས། ཀློག་གྲངས། 122

མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མ”ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ཤར་འགྲན་ཁུལ་གྱི་བསྡུས་འཕྲིན།

སྤྱི་ཟླ་6པའི་ཚེས་21ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་།མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུའུ་དང་དཔའ་ལུང་རྫོང་བཱ་ཡན་པ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཅས་ཀྱི་རོགས་སྒྲུབ་འོག་མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མ”ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ཤར་འགྲན་ཁུལ་གྱི་འགྲན་བསྡུར་དཔའ་ལུང་རྫོང་བཱ་ཡན་པ་གླུ་གར་གླིང་དུ་གཟབ་རྒྱས་ངང་འགོ་བརྩམས།  དཔྱད་འདེམ་པ་རྣམས་ཀྱི་དྲང་གཞག་དང་ལུགས་མཐུན། གཟུར་གནས་ཀྱི་དཔྱད་འདེམ་བརྒྱུད་ཏག་ཏག་ཉིན་གཅིག་རིང་གི་ཛ་དྲག་འགྲན་སྡུར་ལས་གླུ་བ་ལྔ་དང་གླུ་མ་ལྔ་བཅས་བསྡོམས་པས་གླུ་བ་གླུ་མ་བཅུ་བསྐྱར་འགྲན་ཁྲོད་བདམས་ཐོན་བྱུང་།  ལ་གཞས་ནི་བོད་རིགས་མི་དམངས་ཀྱི་འཚོ་བ་དང་ངལ་རྩོལ་གྱི་ཁྲོད་ནས་བྱུང་ཞིང་རོང་འབྲོག་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྩེད་མོར་རོལ་སྟངས་ཤིག་ཏུ་ཆགས་ཡོད། དཔའ་ལུང་ས་ཆར་མཚོན་ན་ས་གནས་འདིའི་བོད་རིགས་རྒན་དར་གཞོན་གསུམ་གྱི་ངག་ན་ལྷང་ལྷང་མཆེད་པའི་དམངས་གླུ་ཞིག་ཡིན་པ་མ་ཟད། ས་གནས་འདིའི་མི་རིགས་གཞན་གྱི་ངག་སྒོ་ནས་ཀྱང་ཐོས་ཐུབ་པའི་མི་རིགས་མཐུན་སྒྲིལ་གྱི་དམངས་གླུ་སྙན་མོ་ཞིག་ཏུའང་སྣང་ངོ་།།

གླུ་བ་གླུ་མ་རྣམས་ཀྱིས་མིང་ཐོ་འགོད་བཞིན་པའི་ཚུལ།

མཚོ་ཤར་འགྲན་ཁུལ་གྱི་དཔྱད་འདེམ་པའི་སྡེ།

བསྐྱར་འགྲན་ཁྲོད་ཚུད་པའི་གླུ་བ་གླུ་མ་རྣམས།

རི་མཐོན་པོ་ཙོང་ཁའི་སྐྱེས་རི་རེད།།

ཤིང་ཡག་པ་ལྷ་ཤིང་ཤུག་པ་རེད།།

སྐད་སྙན་པ་ལྷ་བྱ་ཁུ་བྱུག་རེད།།

སྟོད་བྲག་དམར་བྱ་ཚང་ནང་ནས།།

བྱ་གཉིས་རེ་གཉིས་རེ་འཕུར་གི།

ངར་འཕུར་རོགས་མེད་པར་བསྡད་ཡོད།།

ངའི་འཕུར་རོགས་གླག་ཕྲུག་ཁྱེད་བྱོས།།

ས་ཀ་མདོ་སྡོང་ར་ནང་ནས།།

སྡོང་སྐྱེས་ནོ་མིག་ལ་ཡག་གི།

སིལ་ཐོགས་ནོ་སེམས་ལ་འབབ་གི།

རྡོ་འཕེན་གི་སྟབས་ཁ་འགྲིག་ན།།

སིལ་ཟ་གི་ཁ་བསོད་ལོས་ཡོད།།

རྨ་ཕ་རིའི་ལྕགས་ཐག་ཁ་སྒང་ནས།།

ངས་ལྕགས་ཐག་བཅད་ནས་ཡོང་ན།།

ཁྱོས་བལ་ཐིག་གཅོད་རོགས་ཨེ་ཆོད།།

ཁྱོས་བལ་ཐིག་གཅོད་རོགས་མ་ཆོད་ན།།

ངས་ལྕགས་ཐག་བཅད་པ་དོན་མེད་རེད།།

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

ཚེ་གང་ལ་འགྲོགས་འདོད་ཡོད་མོད།།

ཞེ་སྣང་བ་དར་སྐུད་འདྲ་བོ།།

རོགས་སུ་ལ་མཐུན་འགྲོ་མི་ཤེས།།

ལྟད་མོ་བའི་སྡེ།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ལ་གཞས་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་ད་ལོའི་སྤྱི་ཟླ5པའི་ཚེས23ཉིན་ནས་མགོ་བརྩམས་ཏེ། སྔ་ཕྱིར་མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་བཅས་ནས་རིམ་པར་སྤེལ་བ་དང་། སྤྱི་ཟླ6པའི་ཚེས21ཉིན་གཞི་ནས་ཐོག་མའི་འགྲན་ཁུལ་དྲུག་གི་འགྲན་སྡུར་བདེ་བླག་ངང་མཇུག་བསྒྲིལ་བ་ཡིན།  སྤྱི་ཟླ6པའི་ཚེས28ཉིན་ནས་སྤྱི་ཟླ7པའི་ཚེས3ཉིན་བར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་ཕྱི་རོལ་སྒར་འདེབས་རྟེན་གཞི་ནས་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་སྤེལ་རྒྱུ་ཡིན་པར་མ་ཟད། བརྙན་ལམ་ནས་དུས་ལྟར་ཐད་གཏོང་ཡང་བྱ་རྒྱུ་ཡིན་པས་ཀུན་གྱིས་དོ་སྣང་བྱེད་པར་འཚལ།