ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་རྟིང་རྩོད་མཇུག་བསྒྲིལ།
2024.07.03 ཁུངས། ཀློག་གྲངས། 259

མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མ”ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་རྟིང་རྩོད་མཇུག་བསྒྲིལ།

གསེར་གྱི་ཉི་མ་སྨོན་ལམ་མཐོན་པོའི་རྩེ་ནས་ཤར་དུས། མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་གཡུ་རླབས་སྔོན་མོ་ཕྲེང་དང་ཕྲེང་སྒྲིག་ནས། རླབས་རྩེ་རེ་རེར་འོད་ཀྱི་ཅོད་པན་སྤྲས་ཏེ་མཐོན་པོ་རི་བོའི་འདབས་རོལ་དུ་ཆས་བཞིན་འདུག་ལ།  ཉ་ཆུང་གསེར་མིག་དག་ཀྱང་རླབས་རྩེར་འཁྱུད་ནས་མདུན་ཕྱོགས་ན་མི་ཚོགས་བརྒྱ་ཚོགས་སྟོང་འདུས་ཀྱི་ཡོ་ལང་རྒོད་ཅིང་། སྙན་ལྷང་ལྷང་གི་གླུ་སྐད་བར་མེད་འཕྱོ་བའི་ཕྱོགས་སུ་རྩེན་བཞིན་འདུག སྤྲོ་ཚོགས་དེ་ནི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཡིན་འདུག

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་རྟིང་རྩོད་འགྲན་སྡུར་དེ་ཟླ7པའི་ཚེས2ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་། རི་ཡག་པ་སྨོན་ལམ་མཐོན་པོའི་འདབས་རོལ་དང་མཚོ་ཡག་པ་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་ཉེ་འགྲམ་གྱི་སྨོན་ལམ་མཐོན་པོ་རྟེན་གཞིའི་སྒར་ཁ་ནས་ཉི་རྩེ་ས་ལ་འཕྲོས་པ་དང་ལྷན་མགོ་བརྩམས་ཤིང་། འགྲན་སྐོར་དང་པོ་གླུ་བ་ཚེ་དཔལ་སྐྱབས་དང་གླུ་མ་འབྲུག་མོ་ཡག་གཉིས་ཀྱིས་རྩེད་མགོ་མའི་གླུ་སྐད་ཀྱིས་སྡེ་ཆེན་རྩེད་རའི་སྒོ་མོ་ཡངས་པོར་ཕྱེས།  གླུ་བ་གླུ་མ་རྣམས་ཀྱིས་བདེ་མོ་ངག་དང་སྙན་པའི་དབྱངས་ཀྱི་རྩལ་ནུས་ཡོད་རྒུ་བཏོན་ཏེ་ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད་མཐར་འགྲན་ཞུགས་པ་བཅུ་གཉིས་ཁྲོད་ནས་གླུ་བ་གླུ་མ་དྲུག་མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་ཚུད།

དཔྱད་འདེམས་པ།

རྟིང་རྩོད་འགྲན་སྡུར་གྱི་གླུ་བ་དག

རྟིང་རྩོད་འགྲན་སྡུར་གྱི་གླུ་མ་དག

མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་གླུ་མ་དག་ནི། ཕུར་བ་རྒྱལ་དང་དོན་དབང་། བསོད་ནམས་རྒྱལ། ལྷ་སྐྱིད་རྒྱལ། ལྷ་ཐར་མཚོ། ལྕགས་རིས་མཚོ་བཅས་ཡིན།

མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་གླུ་མ་དག

བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་གླུ་བ་གླུ་མ་དག་ནི། ཚེ་དཔལ་སྐྱབས། ལྕགས་ཐར་འབུམ། བློ་གྲོས། འབྲུག་མོ་ཡག གནམ་མཚོ། གདུགས་དཀར་སྐྱིད་བཅས་ཡིན།

བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་གླུ་བ་གླུ་མ་དག

མཇུག་མཐའི་རྟིང་རྩོད་འགྲན་སྡུར་ནི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་སྨོན་ལམ་མཐོན་པའི་སྒར་འདེབས་རྟེན་གཞི་ནས་སྤེལ་རྒྱུ་རེད།