ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
2024.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཟླ7པའི་ཚེས18ཉིན་གྱི་དགོང་མོར་པེ་ཅིང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། གཏན་ཕབ་གཉིས་གོང་བཀུར་བརྟན་པོ་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་གྱི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཐག་གཅོད་ཀྱིས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་རྒྱ་ཇེ་ཆེར་གཏོང་བ་དང་ཚད་ཇེ་ཟབ་ཏུ་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཡིན་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལག་ལེན་གྱི་རྗེས་མཐུད་ལེའུ་ཡིན་པ་མ་ཟད། བསྐྱོད་ལམ་གསར་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་བ་ཡང་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ལོ་རྒྱུས་ཀྱི་རང་འགུལ་མངོན་པར་བྱས་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལྗོངས་རྒྱ་ཆེན་པོ་གསར་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོས། རྒྱལ་ནང་དང་རྒྱལ་སྤྱི་ལ་ང་ཚོ་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེང་བའི་བརྡ་རྟགས་ཆེན་པོ་བཏང་།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་འགོ་ཁྲིད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བཟང་བོ་བྱེད་པ་དང་། དྲིལ་སྒྲོག་དང་བརྒྱུད་སྒྲོག་ལ་རྩ་འཛུགས་ཞིབ་མོ་བྱེད་པ། གཅིག་བསྡུས་སྒྲོག་འགྲེལ་རྒྱ་ཆེར་སྤེལ་བ། གཞུང་ལུགས་ཞིབ་འཇུག་དང་འགྲེལ་བཤད་ཟབ་མོ་བྱེད་པ། ཕྱི་ཕྱོགས་དྲིལ་སྒྲོག་བཟང་བོར་སྤེལ་བ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་ཟུག་པར་བྱས་ཏེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་དགོས།

རིན་ཆེན་མཚོས་བསྒྱུར།