ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།
2024.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

བསྟུད་མར་ཉིན་འགའི་རིང་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་སྔ་གཞུག་ཏུ་ཞིང་ཆེན་རྩིས་བཤེར་ཐིན་དང་ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་ལུས་རྩལ་ཅུའུ། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ལས་ཁུངས་ལ་སོང་ནས་གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱས།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཚའོ་ལིས་དང་། ཞིང་ཆེན་ཚོང་དོན་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཝུའུ་པེན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཁོངས་མི། ཐའེ་ཀྲང་གཞོན་པ་བློ་བཟང་། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ། མཐོ་རིམ་འཆད་ཁྲིད་པ་ཀྲའོ་ལན་ཡུས། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གཞོན་པ། མཐོ་རིམ་འཆད་ཁྲིད་པ་མཱ་པེན་དབྱི། མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཧའོ་ཞ་བཅས་ཀྱིས་སོ་སོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ། ཆོད་དོན་ནང་བཏོན་པའི་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་སོགས་ཕྱོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་བཤད་དང་འགྲེལ་ཀློག་ཆ་ཚང་བྱས།

ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་ལིས་ཆང་གིས་བཤད་རྒྱུར། སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ་དང་། གཏན་ཚིགས་གསལ་ལ། གཙོ་གནད་འབུར་དུ་ཐོན་པ་དང་། འགྲེལ་བཤད་གནད་ལ་འཁེལ་བ་བྱས་ནས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་པར་རོགས་འདེགས་བྱས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བྱ་བའི་གནས་ཚུལ་དངོས་ལ་རྐང་འཛུགས་པ། ཏང་འཛུགས་བྱ་བའི་དོ་དམ་སྒྲིག་གཞི་ལ་མཐུན་སྦྱོར་བྱེད་པ། གསར་གཉིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འཁོར་རྒྱུག་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ། ལས་རིགས་དང་ཁོངས་གཏོགས་ས་ཆ། ཁེ་ལས་བཅས་ཀྱིས་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པར་སྣེ་ཁྲིད་བྱེད་པ། ལས་རྣམ་གསར་པ་དང་ལས་ཞུགས་གསར་པའི་མི་ཚོགས་ཀྱི་ཏང་འཛུགས་གཅིག་བསྡུས་མཁྲེགས་གཏོར་གཙིགས་སུ་འཛིན་པ། འཛུགས་སྐྲུན་བྱེད་འོས་པ་ཚང་མ་འཛུགས་སྐྲུན་བྱས་ནས་ཡོངས་སུ་ཁེབས་པར་བྱེད་པའི་རེ་བ་ལག་བསྟར་བྱེད་པ། རྩ་འཛུགས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། ཏང་གི་གསར་དར་ཁྱབ་ཁོངས་ཀྱི་འབོད་སྐུལ་ནུས་པ་དང་གོང་བུར་སྒྲིལ་ཤུགས། ཤན་ཤུགས་བཅས་རྒྱ་བསྐྱེད་དགོས།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དཔལ་འབྱོར་རིག་པའི་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་གཞོན་པ་ལིས་ན་ཡིས་བསྟན་དོན། སྙན་ཞུ་ལ་ཉན་པ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཡིན་པ་དང་། སློབ་ཁྲིད་གྲ་སྒྲིག་གི་བརྒྱུད་རིམ་ཞིག་ཡིན་པས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སེམས་རྣལ་ལ་ཕབ་ནས་སློབ་སྦྱོང་བྱེད་པ་དང་སེམས་རྣལ་ལ་ཕབ་ནས་རྒྱུས་ལོན་བྱེད་པའི་སྟེང་ཤུགས་འདོན་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དམ་འཛིན་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློ་གཅིག་གྱུར་དང་བློ་རྩ་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་ཡང་དག་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཏང་གི་སློབ་གྲྭའི་སྟོབས་ཤུགས་འབུལ་དགོས་ཟེར།

ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧན་ཧྲང་ཡུང་གིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། ཀུང་ཟི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་ལ་དམ་དུ་དམིགས་པ། ཏང་འཛུགས་བྱ་བ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་ནས། བཅོས་སྒྱུར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ལས་བྱེད་པ་དང་འཇོན་མི་ནང་འདྲེན་དང་སྐྱེད་སྲིང་། དོ་དམ། འཕེལ་རྒྱས་སུ་གཏོང་བ་བརྒྱུད་དེ། རྩ་འཛུགས་བྱ་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།