ཉེ་སྔོན་རྒྱལ་ཁབ་དང་སྲིད་ཏང་མང་བོའི་མགོ་ཁྲིད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་སོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་དང་འཕྲིན་ཡིག་བསྐུར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མིག་རྒྱང་རིང་བོ་དང་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་ཧྭ་མི་རིགས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་བླ་མེད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་རེད། ཧཱ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དུས་གཏན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་བསྟན་དོན། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ནི་ཐཱ་ཅི་ཁི་སི་ཐན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ཁ་ཕྱོགས་ཆེས་གཙོ་བོ་ཡིན་པ་དང་། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་དང་མི་རིགས་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁུའུ་པེད་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོ་མགྱོགས་མྱུར་ངང་ཡར་ཐོན་དང་དར་རྒྱས་སུ་འགྲོ་བའི་བགྲོད་ལམ་བརྒྱུད་དེ་གོམ་སྟབས་བརྟན་པོས་མདུན་བསྐྱོད་བྱས་ཏེ་རླབས་ཆེ་བའི་གྲུབ་འབྲས་བླངས་ཡོད། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཐུན་མོང་གི་ཕན་བདེ་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།
ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་བདེ་བླག་ངང་མགོ་བརྩམས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་ཡོད། ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མཐོ་ཚད་གསར་བར་མཐོར་འདེགས་བཏང་སྟེ། ཝུའུ་ཙི་པེ་ཁི་སི་ཐན་གྱི་འཕེལ་རྒྱས་དང་ས་ཁུལ་གྱི་གཉིས་ཕན་མཉམ་ལས་ཐད་གསོན་ཤུགས་གསར་བ་ཁ་སྣོན་བྱེད་དགོས་ཟེར།
ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཀྲུང་གོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། འཛམ་གླིང་ཡོངས་ལ་འོད་སྟོང་འབར་བའི་མིག་དཔེ་བསྟན་ཡོད་པས་དུས་གཏན་དུ་ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་སྲིད། ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་མཛའ་བརྩེ་དེ་བྲག་རྡོ་ལས་བརྟན་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་ཇེ་ཟབ་ཏུ་འགྲོ་སྲིད་ཟེར།
སིང་ག་ཕོར་གྱི་ཙུང་ཐུང་ཧྲང་ཏཱ་མན་གྱིས་བསྟན་དོན། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། འཛམ་གླིང་རང་བཞིན་གྱི་བྱས་རྗེས་གལ་ཆེན་བཞག་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་སྔོན་དཔག་རང་བཞིན་གྱི་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། ཀྲུང་གོར་ཡུན་རིང་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་འབྱུང་བའི་སྨོན་འདུན་ཞུས།
ཏུང་ཏིས་ཝུན་གྱི་ཙུང་ཐུང་ཨོ་ཨར་ཐཱ་ཡིས་བསྟན་དོན། ཀྲུང་གོས་བླངས་པའི་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་དང་འཕེལ་རྒྱས་དེས་འཛམ་གླིང་ཡོངས་ཀྱི་གར་སྟེགས་སུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བ་དང་མཛའ་བརྩེ་བསྟུད་མར་ཇེ་ཟབ་ཏུ་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།