ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་ཨུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
2024.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ10པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པ་དང་། གཉིས་ཀ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན།     ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་རིང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནས་འགོ་བཙུགས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་དང་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་བརྩེ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས།    གཉིས་ཕན་མཉམ་ལས་མཉམ་རྒྱལ་བཅས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆེས་གཞི་རྩའི་ཁྱད་ཆོས་སུ་གྱུར་ཡོད།    ལྷག་པར་དུ་དུས་རབས་གསར་པའི་ཚུན་ལ།    ང་དང་ཙུང་ཐུང་ཕུའུ་ཅིན་གྱི་ཐུན་མོང་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་གི་མདུན་དུ་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་ཇེ་ཟབ་ཏུ་ཕྱིན་པ་དང་།    དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།    མི་རབས་ནས་མི་རབས་བར་གྱི་མཛའ་བརྩེ་མིའི་སེམས་སུ་ཟུག་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད་ལ། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དེ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་པ་དང་།    ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ།    རྒྱལ་ཁབ་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཞི་བདེའི་བརྟན་བརླིང་ལ་སྲུང་སྐྱོང་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་འདོད་ཡོད།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་དུས་འདིར་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་རྟེན་འབྲེལ་ཞུ།     བཞི་ཆའི་གསུམ་གྱི་དུས་རབས་ཀྱི་སྔོན། ང་ཚོའི་རྒྱལ་ཁབ་ཀྱིས་འཛམ་གླིང་སྟེང་ཐོག་དང་པོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་བླངས་པ་མ་ཟད་མགྱོགས་མྱུར་ངང་ཀྲུང་གོ་གསར་པ་དང་རོགས་ལས་ཀྱི་འབྲེལ་བ་དམ་པོ་བཙུགས།   ཨུ་རུ་སི་དང་ཀྲུང་གོའི་དམ་ཟབ་དང་གཉིས་ཕན་གྱི་འབྲེལ་བའི་དུས་ཚོད་ཀྱི་ཚོད་བགམ་ལེགས་པར་ཐེག་ཡོད་ལ།     མིག་སྔར།    ཨུ་ཀྲུང་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།     ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་།    དཔལ་འབྱོར་ཉོ་ཚོང་།    ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་ནང་མཉམ་ལས་ཧུར་ཐག་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕན་མཐོའི་མཉམ་ལས་བྱས་ཏེ། དྲང་གཞག་གི་སྣེ་མང་འཛམ་གླིང་གི་ཆགས་སྟངས་ཤིག་བསྐྲུན་རྒྱུར་མཉམ་དུ་འབད་བརྩོན་བྱེད་དགོས།  ཕྱོགས་གཉིས་ཀྱིས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་བྱེད་སྐབས་ཀྱི་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཨུ་ཀྲུང་གི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོ་དང་དེ་མིན་འཛམ་གླིང་གི་བདེ་འཇགས་དང་བརྟན་བརླིང་ལ་སྐུལ་འདེད་ཐུབ་པར་ང་ལ་ཡིད་ཆེས་ཡོད།

ཤ་བོ་རིན་མཚོས་བསྒྱུར།