རྒྱལ་ཁབ་མང་བོའི་འགོ་ཁྲིད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།
2024.10.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

རྒྱལ་ཁབ་དང་སྲིད་ཏང་མང་བོའི་འགོ་ཁྲིད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་མང་བོས་ཡང་བསྐྱར་ལང་ལོང་སྒོས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་འཕྲིན་ཡིག་བསྐུར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པར་མ་ཟད། ཧྥ་རན་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་མཛད་པ་ནི་ལོ་ཧྲིལ་བོའི་གནད་འགག་གི་དུས་སྐབས་ཡིན། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཏེ། ཡོ་རོབ་གླིང་དང་ཀྲུང་གོའི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་ཁེ་ཕན་འཚོལ་ཞིབ་བྱེད་པ། འཛམ་གླིང་གི་ཞི་བདེ་ལ་སྐུལ་འདེད་བཏང་ནས། མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་དུས་རབས་ཀྱི་འགྲན་རྩོད་ཆེན་མོ་མཉམ་དུ་ཐག་གཅོད་བྱེད་འདོད་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཆེན་མོའི་ཏང་གི་ཀྲུའུ་ཞི་ལཱ་མཱ་ཧྥུའུ་སཱ་ཡིས་ཀྲུང་གོས་འཕེལ་རྒྱས་གོང་སྤེལ་གྱི་ཕུལ་བྱུང་བཞུད་ལམ་ཁྲོད་གྲུབ་འབྲས་ཆེན་པོ་བླངས་པར་རྟེན་འབྲེལ་ཞུས་པ་དང་། མུ་མཐུད་དུ་རིམ་པ་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་གཉིས་ཕན་གྲུབ་འབྲས་ཐོབ་པར་བྱས་ནས་མཛེས་སྡུག་གི་མ་འོངས་པ་མཉམ་སྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་ཡིས་ཀྲུང་གོ་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་བགྲོད་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ཕཱ་ཁི་སི་ཐན་ནི་ཀྲུང་གོས་དུས་ནམ་ཡང་བློ་གཏད་རུང་བའི་གྲོགས་པོ་དང་རྣོ་ལྕགས་ལྟ་བུའི་མཛའ་བཤེས་ལྡན་པའི་གྲོགས་པོ་ཡིན་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཨེ་ཅིབ་དང་ཀྲུང་གོའི་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་རྨང་གཞིར་བྱས་པའི་ལོ་རྒྱུས་རང་བཞིན་གྱི་འབྲེལ་བར་གཟེངས་བསྟོད་ཆེན་པོ་བྱས་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ལ། མཛའ་མཐུན་གྱི་ཀྲུང་གོའི་མི་དམངས་དག་སྔར་ལས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུས།

སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱིས་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། སོ་ཏི་ཨ་རབ་ཀྱིས་སོ་ཏི་ཨ་རབ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ཧྲིལ་བོར་ཕན་བདེ་བསྐྲུན་ཡོད་ལ། དཔེ་སྟོན་གྱི་དོན་སྙིང་ལྡན། ཀྲུང་གོས་དྲང་བདེན་ལ་མགོ་འཛིན་བྱས་པས། རྒྱལ་སྤྱིའི་སྟེང་བླ་མེད་ཀྱི་གོ་གནས་ཡོད་ཟེར།

ཙམ་པུ་ཡཱའི་ཙུང་ཐུང་ཞེ་ཆི་ལའེ་མཱ་ཡིས་བསྟན་དོན། ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། དཀའ་སྤྱད་འབད་བརྩོན་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད། ཙམ་པུ་ཡཱ་ཕྱོགས་ཀྱིས་ཙམ་པུ་ཡཱ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཕན་བདེ་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཁུན་ནེ་ཡཱའི་ཙུང་ཐུང་ལུའུ་ཐའོ་ཡིས་བསྟན་དོན། ཀྲུང་གོ་ནི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གྲོགས་པོ་གལ་ཆེན་ཡིན། ཁུན་ནེ་ཡཱ་ཕྱོགས་ཀྱིས་ཁུན་ནེ་ཡཱ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་པ་དང་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།

སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་ཡིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་ཚོགས་འདུའི་དགོངས་དོན་གྱི་སྣེ་ཁྲིད་འོག མཉམ་དུ་སེ་ནེ་ཀལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཁོང་གོ་པུའུ་ཡི་ཙུང་ཐུང་སཱ་སུའུ་ཡིས་བསྟན་དོན། ཁོང་གོ་པུའུ་ཕྱོགས་ཀྱིས་ནུས་ཤུགས་ཅི་ཡོད་དང་བློ་བརྟན་འགྱུར་མེད་ཀྱིས་ཁོང་གོ་པུའུ་དང་ཀྲུང་གོའི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

མའོ་སིང་པུས་ཁིའི་ཙུང་ཐུང་ཉིག་ཞི་ཡིས་བསྟན་དོན། མའོ་སིང་པུས་ཁི་དང་ཀྲུང་གོའི་བར་མཛའ་མཐུན་ལོ་རྒྱུས་རིང་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མའོ་སིང་པུས་ཁི་ཕྱོགས་ཀྱིས་མའོ་སིང་པུས་ཁི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་ཁྱད་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོས་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་ཁྱད་མཚར་གསར་བསྐྲུན་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མིག་དཔེ་བསྟན་ཡོད་ཟེར།

པའོ་ཚི་ཝ་ནཱའི་ཙུང་ཐུང་མཱ་ཞི་ཞི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་འགོ་ཁྲིད་འོག ཀྲུང་གོས་འཛམ་གླིང་ཡོངས་ཀྱིས་མིག་བལྟས་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་བླངས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཐུན་སྒྲིལ་མཉམ་ལས་སྙིང་སྟོབས་དང་ཐུན་མོང་གི་ཁེ་འདུན་དེ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འཕེལ་རྒྱས་མཉམ་ལས་ཀྱི་རྨང་རྡོ་གལ་ཆེན་དུ་འགྱུར་སྲིད་པར་ཡིད་ཆེས་ཡོད་ཟེར།

ལེ་པུ་ལི་ཡཱའི་ཙུང་ཐུང་པའོ་ཨ་ཁའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་གྲོས་དང་བློ་སྤོབས་ལ་བརྟེན་པའི་འགོ་ཁྲིད་འོག ཀྲུང་གོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་གཟེངས་བསྟོད་ཆེན་པོ་བྱས་པ་དང་། ཀྲུང་གོའི་བར་གྱི་རོགས་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།