རྒྱལ་སྟོན་དུས་ཆེན་སྐབས་སུ་མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་གྱིས་ཡུལ་སྐོར་པ་མི་ཐེངས་ཁྲི་དགུ་དང་སྟོང་དྲུག་སྣེ་ལེན་བྱས།
2024.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

རྒྱལ་སྟོན་དུས་ཆེན་སྐབས་སུ། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་གྱིས་བསྡོམས་པས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི་དགུ་དང་སྟོང་དྲུག་སྣེ་ལེན་བྱས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་དགུ་ཡིས་ཇེ་མང་དུ་སོང་།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར། རྒྱལ་སྟོན་དུས་ཆེན་སྐབས་སུ། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་གྱིས་རྒྱལ་སྟོན་སྤྲོ་སྐྱིད་འགྲུལ་བཞུད་རིན་བདེ་མ་ལག་དང་། གླུ་གར་འཁྲབ་སྟོན་དང་མེ་ཕུང་དགོང་ཚོགས་སོགས་བྱ་འགུལ་སྤེལ་ནས། ཡུལ་སྐོར་བར་མཐོ་སྒང་གི་གཏམ་རྒྱུད་བཤད་པ་དང་། ཡུལ་སྐོར་དང་འབྲེལ་བའི་མཉམ་བསྲེས་རྩོམ་རིག་གསར་རྩོམ་དང་འཁྲབ་སྟོན། བཟའ་བཏུང་སོགས་བརྒྱུད་དེ། ཡུལ་སྐོར་པ་སྔར་ལས་མང་པོ་ནང་འགུག་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོར། མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ལྟེ་བ་གཅིག་དང་མཚོ་སྐོར་ས་ཁུལ་གཅིག་དང་ས་ཁུལ་མང་པོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་དམིགས་ནས། ལྗོངས་རྒྱུ་ཁུལ་གྱི་ཆུ་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། ཚད་ལྡན་ཅན་གྱི་འཁོར་རྒྱུག་ཆུ་ཚད་མཐོར་འདེགས་བཏང་ལ། ལྗོངས་རྒྱུ་ཁུལ་ཕྱོགས་ཡོངས་ནས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་། ཀྲུང་གོའི་ཆུ་མདེལ་འཕེན་གཏོང་ཚོད་ལྟ་རྟེན་གཞི་རྗེས་དྲན་ཁང་སོགས་ཀྱི་རིག་གནས་ཡུལ་སྐོར་ལས་གཞི་གསར་སྐྲུན་བྱས་པ་དང་། རིག་སྨོན་གྲོང་རྡལ་ནས་མཚོ་སྔོན་པོ་བརྒྱུད་པའི་ཚྭ་ཁ་གཞུང་ལམ་དང་། རིག་སྨོན་གྲོང་རྡལ་ནས་གླིང་ཆེན་མཆེ་བའི་བར་གྱི་གཞུང་ལམ་ལེགས་འགྲུབ་བྱས་ནས་རླངས་འཁོར་གཏོང་འགོ་བརྩམས་ལ། ལྗོངས་རྒྱུ་ཁུལ་ལྗང་སྒྱུར་བྱས་པ་དང་། ཁོར་སྲུང་ཡུལ་སྐོར་སྤྱོད་ཁང་ཇེ་མང་དུ་བཏང་། རིག་སྟོབས་ལྗོངས་རྒྱུ་ཁུལ་གྱི་མ་ལག་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རང་འགུལ་མི་མེད་ལྗོངས་རྒྱུ་རླངས་འཁོར་ཚོད་ལྟ་བྱེད་ས་བཀོལ་སྤྱོད་བྱས་ལ། ཚོང་ལས་འཛད་སྤྱོད་ལས་རྣམ་རིམ་སྤོར་བྱས་པ་དང་། ཚོང་རྟགས་མིང་གྲགས་ཅན་ནང་འདྲེན་བྱས་ཤིང་། ས་གནས་ཀྱི་ཁྱད་ལྡན་བཟའ་བཏུང་ཚོང་ར་བཙུགས་པ་མ་ཟད། གཅིག་གྱུར་རྩིས་རྒྱག་གི་མ་དཔེ་ལྟར་དུས་ཐོག་དོ་དམ་བྱས། ཡུལ་སྐོར་གྲུ་གཟིངས་ཀྱི་རྒྱུ་སྤུས་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་བ་དང་། ཡུལ་སྐོར་ལམ་ཐིག་བསྐྱར་སྐྲུན་བྱས་ལ། ཡུལ་སྐོར་གྱི་རྒྱུ་སྤུས་མཐོར་འདེགས་བཏང་སྟེ། ཕྱེད་གླིང་ཡུལ་སྐོར་དང་མཚོ་སྙིང་ཡུལ་སྐོར་ཐོན་རྫས་ཕྱིར་སྤེལ་བྱས།

དེ་དང་མཉམ་དུ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་དང་དམར་མཚམས་བརྟན་སྲུང་བྱས་པ་དང་། ལྗོངས་རྒྱུ་ཁུལ་གྱི་བདེ་འཇགས་འགན་སྲུང་སྟོབས་ཤུགས་ཇེ་ཆེར་བཏང་ལ། བདེ་འཇགས་སྐོར་ཞིབ་རྐྱེན་སྲོལ་བཙུགས་པ་དང་། དུས་རིམ་སོ་སོའི་བདེ་འཇགས་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། ཡུལ་སྐོར་པའི་བདེ་འཇགས་ལ་ཁག་ཐེག་བྱས། སྨན་བཅོས་འགན་སྲུང་ལ་ཤུགས་བསྣན་པ་དང་། ཆེད་ལས་ཀྱི་སྨན་བཅོས་རུ་ཁག་དང་མྱུར་སྐྱོབ་སྒྲིག་ཆས་སྡེབ་སྒྲིག་བྱས་པ་དང་། རིགས་མི་འདྲ་བའི་རྒྱུན་སྲོལ་སྨན་རྫས་ཉར་གསོག་འཐུས་ཚང་དུ་བཏང་ལ། འཕྲལ་བསྟུན་རོགས་སྐྱོབ་རུ་ཁག་བཀོད་སྒྲིག་བྱས་ནས། བྲེལ་མྱུར་གནས་ཚུལ་ལ་ནུས་པ་ལྡན་པའི་སྒོ་ནས་ཁ་གཏད་འཇལ།

རིན་ཆེན་མཚོས་བསྒྱུར།