ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
དོན་ཚན་བཞི་པ། ས་གནས་སོ་སོའི་མི་དམངས་སྲིད་གཞུང་གིས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་དམ་བྱེད་པའི་བྱ་བ་དེ་དང་དཔལ་འབྱོར་སྤྱི་ཚོགས་དང་སྤྱི་ཚོགས་འཕེལ་རྒྱས་ལ་འོས་ཞིང་འཚམ་པར་འགན་སྲུང་བྱེད་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་སོ་སོའི་མི་དམངས་སྲིད་གཞུང་གིས་གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་ནས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལྟར། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་འཆར་འགོད་གཏན་ཁེལ་བྱེད་དགོས་པ་མ་ཟད། ད་དུང་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་དགོས།
དོན་ཚན་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་རྒྱལ་ཡོངས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་བྱ་བར་འགན་ཁུར་དགོས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ལ་འགན་ཁུར་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སོ་སོའི་འགྲིམ་འགྲུལ་དང་འཛུགས་སྐྲུན་དོ་དམ་སྡེ་ཁག་གིས་རང་རང་སོ་སོའི་འགན་ནུས་ལྟར། གཞུང་ལམ་འགྲིམ་འགྲུལ་ལ་འབྲེལ་བའི་ལས་ཀར་འགན་ཁུར་དགོས།
དོན་ཚན་དྲུག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་རྒྱུན་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་སློབ་གསོ་བྱས་ནས། སྤྱི་དམངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་དགོས།
སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པའི་ལས་འགན་ལག་བསྟར་བྱེད་དུས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་བྱེད་དགོས་པ་མ་ཟད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པའི་མིག་དཔེར་བྱེད་དགོས།
ལས་ཁུངས་དང་དམག་དཔུང༌། ཁེ་ལས། བྱ་གཞག་ལས་ཁུངས། སྤྱི་ཚོགས་ཚོགས་པ་དང་དེ་མིན་གཞན་པའི་རྩ་འཛུགས་ཀྱིས་རང་གི་ལས་ཁུངས་ཀྱི་མི་སྣ་ལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་བྱེད་དགོས།
སློབ་གསོ་སྲིད་འཛིན་ཚན་པ་དང་སློབ་གྲྭས་གཞུང་ལམ་འགྲིམ་འགྲུལ་སློབ་གསོ་དེ་ཁྲིམས་ལུགས་སློབ་གསོའི་ནང་དོན་དུ་འཇོག་དགོས།
གསར་འགྱུར་དང་དཔེ་སྐྲུན། རྒྱང་བསྒྲགས། བརྙན་འཕྲིན་སོགས་འབྲེལ་ཡོད་ལས་ཁུངས་ལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་གཏོང་བའི་འོས་འགན་ཡོད།
དོན་ཚན་བདུན་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱེད་དགོས་པ་དང༌། སྔོན་ཐོན་ཅན་གྱི་དོ་དམ་བྱེད་ཐབས་དང་ལག་རྩལ། སྒྲིག་ཆས་བཅས་བཀོལ་བ་དང་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་བྱེད་དགོས།
རྩོམ་སྒྲིག་པ་དང་མདོ་འཛིན་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱིའི་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།