ལེའུ་གཉིས་པ། རླངས་འཁོར་དང་ཁ་ལོ་བ།
ཚན་པ་དང་པོ། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་རིགས།
དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཡོད། འཕྲུལ་སྒུལ་རླངས་འཁོར་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐོ་འགོད་བྱས་རྗེས། ད་གཟོད་གཞུང་ལམ་སྟེང་བསྐྱོད་ཆོག་པ་ཡིན། ཐོ་འགོད་མ་བྱས་པའི་འཕྲུལ་སྒུལ་རླངས་འཁོར་དེ་དག་ གཞུང་ལམ་སྟེང་བསྐྱོད་དགོས་པ་བྱུང་ཚེ། གནས་སྐབས་ཀྱི་ལམ་ཡིག་བྱང་བུ་ངེས་པར་དུ་ལེན་དགོས།
དོན་ཚན་དགུ་པ། འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་པར་ཡར་ཞུ་བྱེད་ན། གཤམ་གྱི་དཔང་ཡིག་དང་འཛིན་ཡིག་ཡར་སྤྲོད་དགོས།
1.འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོའི་ཐོབ་ཐང་དཔང་ཡིག
2.འཕྲུལ་སྒུལ་རླངས་འཁོར་ཡོང་ཁུངས་ཀྱི་དཔང་ཡིག
3.འཕྲུལ་སྒུལ་རླངས་འཁོར་བཟོ་གྲྭ་ནས་ཐོན་པའི་ཚད་མཐུན་དཔང་ཡིག་དང་ནང་འདྲེན་བྱས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ནང་འདྲེན་འཛིན་ཡིག
4.རླངས་འཁོར་ཉོ་སྒྲིག་བྱས་པའི་དཔྱ་ཁྲལ་འཇལ་བ་དང་ཡང་ན་དཔྱ་ཁྲལ་མེད་པར་བཟོས་པའི་འཛིན་ཡིག
5.ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་བྱས་པའི་འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་དུས་ཡར་སྤྲོད་དགོས་པའི་དཔང་ཡིག་དང་འཛིན་ཡིག་གཞན་དག་ཚང་མ་ཡར་སྤྲོད་དགོས།
སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་ཚན་ཁག་གིས་ཡར་ཞུ་འབྱོར་བའི་ཉིན་ནས་བཟུང་ལས་ཀའི་ཉིན་ལྔའི་ནང་འཕྲུལ་སྒུལ་རླངས་འཁོར་ལ་ཐོ་འགོད་བྱེད་པར་ཞིབ་བཤེར་བྱེད་པའི་བྱ་བ་ལེགས་འགྲུབ་བྱེད་དགོས། གོང་གི་གཏན་ཁེལ་གྱི་ཆ་རྐྱེན་དང་མཐུན་པའི་འཕྲུལ་སྒུལ་རླངས་འཁོར་དག་ལ་འཕྲུལ་སྒུལ་རླངས་འཁོར་གྱི་ཐོ་འགོད་དཔང་ཡིག་དང་ཨང་རྟགས། བགྲོད་སྐྱོད་དཔང་ཡིག་བཅས་ངེས་པར་དུ་སྤྲོད་དགོས། གོང་གི་གཏན་འཁེལ་གྱི་ཆ་རྐྱེན་དང་མི་མཐུན་པ་ཡོད་ན་ཡར་ཞུ་བྱེད་པའི་བདག་པོ་ལ་ཐོ་འགོད་བྱེད་མི་ཆོག་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས།
སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལས་གཞན་པའི་སྡེ་ཁག་དང་ཡང་ན་མི་སྒེར་གང་རུང་གིས་འཕྲུལ་སྒུལ་རླངས་འཁོར་ལ་ཨང་རྟགས་དང་ཡང་ན་འཕྲུལ་སྒུལ་རླངས་འཁོར་ལ་གཞན་པའི་ཨང་རྟགས་འགེལ་བའི་རེ་བ་བཏོན་མི་ཆོག ཁྲིམས་ལུགས་དེ་གའི་གཏན་ཁེལ་གཞན་པ་ཡོད་ན་ནང་དུ་མི་འདུས།
འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་དཔང་ཡིག་དང་ཨང་རྟགས། བགྲོད་སྐྱོད་དཔང་ཡིག་གི་བཟོ་དབྱིབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་ཚན་ཁག་གིས་གཏན་ཁེལ་བྱས་པར་མ་ཟད་ལྟ་ཞིབ་འོག་བཟོས་པ་ཡིན།
དོན་ཚན་བཅུ་པ། ཐོ་འགོད་བྱས་ཆོག་པའི་འཕྲུལ་སྒུལ་རླངས་འཁོར་ལ་རྒྱལ་ཁབ་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་ངེས་པར་དུ་མཐུན་དགོས། འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་པར་ཡར་ཞུ་བྱེད་སྐབས། འཕྲུལ་སྒུལ་རླངས་འཁོར་དེ་གའི་བདེ་འཇགས་ལག་རྩལ་ལ་ཞིབ་བཤེར་བྱེད་པར་ངེས་པར་དུ་དང་ལེན་བྱེད་དགོས། འོན་ཀྱང༌རྒྱལ་ཁབ་འཕྲུལ་སྒུལ་རླངས་འཁོར་ཐོན་རྫས་ཀྱི་གཙོ་གཉེར་ཚན་ཁག་གིས་རྒྱལ་ཁབ་བདེ་འཇགས་ལག་རྩལ་ཚད་གཞིའི་ངོས་འཛིན་ལྟར་ཁེ་ལས་ཀྱི་ཐོན་སྐྱེད་བྱས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་བཟོ་དབྱིབས་དང༌། བཟོ་དབྱིབས་དེ་གའི་འཕྲུལ་སྒུལ་རླངས་འཁོར་གསར་བ་དག་བཟོ་གྲྭ་ནས་ཐོན་པའི་སྐབས་སུ་ཞིབ་བཤེར་བརྒྱུད་འཕྲུལ་སྒུལ་རླངས་འཁོར་དེ་དག་རྒྱལ་ཁབ་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་མཐུན་པ་དང༌། ཞིབ་བཤེར་ཚད་མཐུན་གྱི་དཔང་ཡིག་ཡོད་ན། བདེ་འཇགས་ལག་རྩལ་ཞིབ་བཤེར་མ་བྱས་ཀྱང་ཆོག
རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། བཀྲ་ཤིས་དོན་གྲུབ། ལྷ་རྒྱལ་བཀྲ་ཤིས།
ལྟ་སྐུལ་པ། ཕྱུག་ལོ།
སྤྱིའི་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།