ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་བཞི་པ།
2024.06.10 ཁུངས། ཀློག་གྲངས། 7

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ལེའུ་གཉིས་པ། རླངས་འཁོར་དང་ཁ་ལོ་བ།

ཚན་པ་དང་པོ། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་རིགས།

དོན་ཚན་བཅུ་པ། ཐོ་འགོད་བྱས་ཆོག་པའི་འཕྲུལ་སྒུལ་རླངས་འཁོར་རྒྱལ་ཁབ་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་ངེས་པར་དུ་མཐུན་དགོས། འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་པར་ཡར་ཞུ་བྱེད་སྐབས། འཕྲུལ་སྒུལ་རླངས་འཁོར་དེ་གའི་བདེ་འཇགས་ལག་རྩལ་ལ་ཞིབ་བཤེར་བྱེད་པར་ངེས་པར་དུ་དང་ལེན་བྱེད་དགོས། འོན་ཀྱང༌རྒྱལ་ཁབ་འཕྲུལ་སྒུལ་རླངས་འཁོར་ཐོན་རྫས་ཀྱི་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཁབ་བདེ་འཇགས་ལག་རྩལ་ཚད་གཞིའི་ངོས་འཛིན་ལྟར་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་བཟོ་དབྱིབས་དང༌། བཟོ་དབྱིབས་དེ་གའི་འཕྲུལ་སྒུལ་རླངས་འཁོར་གསར་བ་དག་བཟོ་གྲྭ་ནས་ཐོན་པའི་སྐབས་སུ་ཞིབ་བཤེར་བརྒྱུད་འཕྲུལ་སྒུལ་རླངས་འཁོར་དེ་དག་རྒྱལ་ཁབ་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་མཐུན་པ་དང༌། ཞིབ་བཤེར་ཚད་མཐུན་གྱི་དཔང་ཡིག་ཡོད་ན། བདེ་འཇགས་ལག་རྩལ་ཞིབ་བཤེར་མ་བྱས་ཀྱང་ཆོག

དོན་ཚན་བཅུ་གཅིག་པ། འཕྲུལ་སྒུལ་རླངས་འཁོར་གཞུང་ལམ་སྟེང་བསྐྱོད་དུས། འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་ངེས་པར་དུ་འགེལ་དགོས་ཤིང༌། ཞིབ་བཤེར་ཚད་ལྡན་ཡིན་པའི་མཚོན་རྟགས་དང༌། ཉེན་སྲུང་གི་མཚོན་རྟགས་འཇོག་དགོས་པ་མ་ཟད། འཕྲུལ་སྒུལ་རླངས་འཁོར་གྱི་བགྲོད་སྐྱོད་དཔང་ཡིག་དུས་ནམ་ཡིན་ཡང་རླངས་འཁོར་དང་ཁ་བྲལ་མི་ཆོག

འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་གཏན་ཁེལ་ལྟར་འགེལ་དགོས་པ་མ་ཟད། ད་དུང་གསལ་པོ་དང་ཆ་ཚང་བ་ཡིན་པ་རྒྱུན་འཁྱོངས་དང༌། བསམ་བཞིན་དུ་འགོག་སྒྲིབ་དང་ཉམས་ཆག་ཏུ་གཏོང་མི་རུང༌།

ལས་ཁུངས་དང་མི་སྒེར་གང་ཡིན་རུང་འཕྲུལ་སྒུལ་འཁོར་ལོའི་ཨང་རྟགས་རྩིས་ལེན་དང་བཀག་ཉར་བྱས་མི་ཆོག

དོན་ཚན་བཅུ་གཉིས་པ། གཤམ་གྱི་གནས་ཚུལ་གང་རུང་བྱུང་ན། དེ་དང་འབྲེལ་བའི་ཐོ་འགོད་བསྒྲུབ་དགོས།

གཅིག འཕྲུལ་སྒུལ་རླངས་འཁོར་བདག་དབང་ལ་འགྱུར་ལྡོག་བྱུང་ཡོད་པ་དག

གཉིས། འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱས་པའི་ནང་དོན་དག་བཅོས་བྱས་ཡོད་པ་དག

གསུམ། འཕྲུལ་སྒུལ་རླངས་འཁོར་གཏའ་མར་བཞག་ཡོད་པ་དག

 བཞི། འཕྲུལ་སྒུལ་རླངས་འཁོར་བེད་མེད་དུ་སོང་ཡོད་པ་དག


རྩོམ་སྒྲིག་པ་དང་སྙན་སྒྲོན་པ། ཟླ་བཟང་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བཀྲ་ཤིས་དོན་གྲུབ། ལྷ་རྒྱལ་བཀྲ་ཤིས།

ལྟ་སྐུལ་པ། ཕྱུག་ལོ།

སྤྱིའི་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།