ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་ལྔ་པ།
2024.06.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ལེའུ་གཉིས་པ།  རླངས་འཁོར་དང་ཁ་ལོ་བ།

ཚན་པ་དང་པོ།  འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་རིགས།

དོན་ཚན་བཅུ་གསུམ་པ།  ཐོ་འགོད་བྱས་རྗེས་བགྲོད་ལམ་དུ་འགྲོ་རྒྱུག་བྱེད་བཞིན་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ལ་མཚོན་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་ཐག་གཅོད་དང་བསྟུན་ནས། འཕྲུལ་འཁོར་གྱི་སྤྱོད་སྒོ་དང་འགྲུལ་པ་དང་དངོས་ཟོག་གི་ཤོང་ཚད། བཀོལ་སྤྱོད་དུས་ཡུན་སོགས་ཀྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་དུས་ཡུན་གཏན་ཁེལ་བྱས་ཏེ་ཉེན་འགོག་ལག་རྩལ་ཞིབ་བཤེར་བྱེད་དགོས་པ་དང༌། འཁོར་རྒྱུག་དཔང་ཡིག་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་མི་གསུམ་པས་བཙན་ཤེད་ཉེན་འགོག་འགན་བཅོལ་འཛིན་ཡིག་ཡོད་པའི་འཕྲུལ་སྒུལ་འཁོར་རིགས་ལ་ཉེན་འགོག་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་དགོས་པ་དང༌། ཚན་ཁག་གང་རུང་གིས་གཞན་པའི་ཆ་རྐྱེན་ཁ་སྣོན་བྱས་མི་ཆོག རྒྱལ་ཁབ་ཀྱི་ཉེན་འགོག་ལག་རྩལ་གྱི་ཚད་གཞི་ལ་སླེབས་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་ཁག་གིས་ཞིབ་བཤེར་ཚད་ལྡན་དཔང་རྟགས་སྤྲོད་དགོས། འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཉེན་འགོག་ལག་རྩལ་ཞིབ་བཤེར་ནི་སྤྱི་ཚོགས་ཡོངས་ཁྱབ་རང་བཞིན་དུ་ལག་བསྟར་བྱེད་དགོས་པ་དང་བྱེ་བྲག་གི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་གཅོད་བྱེད་དགོས། འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཉེན་འགོག་ལག་རྩལ་ཞིབ་བཤེར་སྤྱི་ཚོགས་ཡོངས་ཁྱབ་རང་བཞིན་དུ་ལག་བསྟར་བྱས་པའི་ས་གནས་སུ་ཚན་ཁག་གང་ཡིན་ཡང་འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཉེན་འགོག་ལག་རྩལ་ཞིབ་བཤེར་བྱེད་ཡུལ་གྱི་གནས་ངེས་གཏན་བྱེད་དགོས་པའི་རེ་བ་འདོན་མི་ཆོག

སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་ཁག་དང་འཕྲུལ་སྒུལ་འཁོར་ལོའི་རིགས་ཉེན་འགོག་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་འཕྲུལ་སྒུལ་འཁོར་ལོའི་རིགས་ཞིག་གསོ་དང་ཉམས་གསོ་བྱེད་ཡུལ་གྱི་གནས་ངེས་གཏན་བྱེད་དགོས་པའི་རེ་བ་འདོན་མི་ཆོག

འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཉེན་འགོག་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་འཕྲུལ་སྒུལ་འཁོར་ལོའི་རིགས་ལ་ཞིབ་བཤེར་བྱས་པའི་གླ་ཡོན་བསྡུ་ལེན་གྱི་ཚད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་གཏན་འབེབས་བྱས་པའི་རིན་གོང་བསྡུ་ཚད་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་བཞི་པ། རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་བཙན་ཤེད་ཀྱིས་འཕྲུལ་སྒུལ་འཁོར་རིགས་བེད་མེད་ཟུར་འཇོག་བྱེད་པའི་ལམ་ལུགས་འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཉེན་འགོག་ལག་རྩལ་གྱི་གནས་བབ་དང་སྤྱོད་སྒོ་མི་འདྲ་བ། བེད་མེད་ཟུར་འཇོག་བྱེད་པའི་ཚད་གཞི་གཏན་འབེབས་ཀྱི་ཚད་གཞི་མི་འདྲ་བ་དང་བསྟུན་དགོས་པ་དང༌། བེད་མེད་ཟུར་འཇོག་བྱེད་དགོས་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་དུས་ལྟར་དུ་ཐོ་སུབ་ཐོ་འགོད་བྱེད་དགོས། བེད་མེད་ཟུར་འཇོག་གི་ཚད་གཞི་ལ་སླེབས་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་བགྲོད་ལམ་དུ་ཞུགས་ཏེ་འགྲོ་རྒྱུག་བྱས་མི་ཆོག་ལ། བེད་མེད་ཟུར་འཇོག་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཆེ་བའི་རིགས་དང་གཞན་རླངས་འཁོར་ཆེ་བའི་རིགས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་ཁག་གིས་ལྟ་སྐུལ་འོག་ཐོར་ཞིག་ཏུ་བཏང་སྟེ་བེད་མེད་ཟུར་འཇོག་བྱེད་དགོས།

དོན་ཚན་བཅོ་ལྔ་པ།  ཉེན་ཟོན་རླངས་འཁོར་དང་མེ་གསོད་རླངས་འཁོར།  སྐྱོབ་འཁོར་ལས་གཞི་ཉེན་སྐྱོབ་རླངས་འཁོར་ལ་ཐག་གཅོད་ལྟར་རང་རང་སོ་སོའི་མཚོན་རྟགས་ཀྱི་རྒྱན་རིས་ཚོན་རྩི་གཏོང་དགོས་པ་དང༌།  ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་ཅན་གྱི་གློག་ཆས་ཀྱང་སྒྲིག་སྦྱོར་བྱེད་དགོས།  འཕྲུལ་སྒུལ་འཁོར་ལོའི་རིགས་གཞན་དག་ལ་གོང་གི་རླངས་འཁོར་དག་གི་ཆེད་སྤྱོད་དམ་ཡང་ན་རིས་འདྲ་བའི་མཚོན་རྟགས་རྒྱན་རིས་ཚོན་རྩི་གཏོང་བ་དང༌། ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་ཅན་གྱི་གློག་ཆས་སོགས་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱས་མི་ཆོག   ཉེན་ཟོན་རླངས་འཁོར་དང་མེ་གསོད་རླངས་འཁོར།  སྐྱོབ་འཁོར་ལས་གཞི་ཉེན་སྐྱོབ་རླངས་འཁོར་བཅས་རང་རང་སོ་སོའི་གཏན་འབེབས་བྱས་པའི་སྤྱོད་སྒོ་དང་ཆ་རྐྱེན་ནན་ཏན་གྱིས་གཞིར་བཟུང་སྟེ་བཀོལ་སྤྱོད་བྱེད་དགོས།  གཞུང་ལམ་ལ་ལྟ་ཞིབ་བྱེད་པའི་ཆེད་སྤྱོད་རླངས་འཁོར་ལ་གཞུང་ལམ་བཅའ་ཁྲིམས་ཀྱི་ཐག་གཅོད་ལྟར་གཅིག་གྱུར་གྱི་མཚོན་རྟགས་དང་ཉེན་གཏོང་གློག་བརྡ་སྒྲིག་སྦྱོར་བྱེད་དགོས།

 

རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱིའི་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།