ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
ལེའུ་གཉིས་པ། རླངས་འཁོར་དང་ཁ་ལོ་བ།
ཚན་པ་དང་པོ། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་རིགས།
དོན་ཚན་བཅུ་དྲུག་པ། ཚན་པ་དང་མི་སྒེར་གང་རུང་ལ་གཤམ་གྱི་བྱ་སྤྱོད་གཏན་ནས་ཡོད་མི་ཆོག
(གཅིག) ཐོ་འགོད་བྱས་ཟིན་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་མ་ལག་ཆགས་སྟངས་དང་གྲུབ་ཚུལ། ཁྱད་རྟགས་བཅས་རང་དགར་ལྷུ་སྒྲིག་དང་བསྒྱུར་བཅོས་བྱེད་པ།
(གཉིས) འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་བཟོ་དབྱིབས་ཀྱི་ཨང་རྟགས་དང་སྒུལ་བྱེད་འཕྲུལ་འཁོར་གྱི་ཨང་རྟགས། འཕྲུལ་འཁོར་གཞི་སྒྲོམ་གྱི་ཨང་རྟགས་དང་དབྱེ་འབྱེད་ཚབ་གྲངས་བཅས་བསྒྱུར་བཅོས་བྱེད་པ།
(གསུམ) ཐོ་འགོད་དཔང་ཡིག་དང་འཁོར་རྟགས། འཁོར་རྒྱུག་དཔང་ཡིག་དང་ཞིབ་བཤེར་ཚན་ལྡན་དཔང་རྟགས། ཉེན་འགན་མཚོན་རྟགས་བཅས་རྫུན་བཟོ་དང་བསྒྱུར་བཅོས་བྱེད་པ་དང་བྱས་ཟིན་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་བཀོལ་སྤྱོད་བྱེད་པ།
(བཞི) འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་དཔང་ཡིག་དང་འཁོར་རྟགས། བགྲོད་སྐྱོད་དཔང་ཡིག་དང་ཞིབ་བཤེར་ཚན་ལྡན་དཔང་རྟགས་བཀོལ་སྤྱོད་བྱེད་པ།
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་འཕྲུལ་སྒུལ་འཁོར་ལོའི་རིགས་གསུམ་པའི་ལས་འགན་བཙན་ཤེད་ཀྱིས་ཉེན་འགན་ལེན་པའི་ལམ་ལུགས་ལག་བསྟར་བྱེད་པ་དང༌། བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩ་གསར་འཛུགས་བྱེད་དགོས་པ་དང༌། བྱེ་བྲག་གི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་གཅོད་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། ཁྲིམས་དང་བསྟུན་ནས་ཐོ་འགོད་བྱེད་དགོས་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཕུད་པའི་འཕྲུལ་འཁོར་གཞན་དག་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཐོ་འགོད་བྱས་རྗེས་ད་གཟོད་བགྲོད་ལམ་དུ་ཞུགས་ཏེ་འགྲོ་རྒྱུག་བྱས་ཆོག
ཁྲིམས་དང་བསྟུན་ནས་ཐོ་འགོད་བྱེད་དགོས་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཕུད་པའི་འཕྲུལ་འཁོར་གཞན་པའི་རིགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གནས་དེའི་གནས་ཚུལ་དངོས་ལ་གཞིགས་ཏེ་ཐག་གཅོད་བྱེད་དགོས། འཕྲུལ་སྒུལ་འཁོར་ལོའི་རིགས་མ་ཡིན་པའི་འཕྲུལ་འཁོར་གཞན་རིགས་ཀྱི་ཆེ་ཆུང་དང་རྒྱུ་སྤུས། འཁོར་སྒག་ཡོ་བྱད་དང་འཁོར་བརྡ། མཚན་མོའི་འོད་ལྡོག་སྒྲིག་ཆས་བཅས་འཕྲུལ་སྒུལ་འཁོར་ལོའི་རིགས་མ་ཡིན་པའི་འཕྲུལ་འཁོར་གཞན་རིགས་ཀྱི་ཉེན་འགོག་ལག་རྩལ་གྱི་ཚད་གཞི་དང་མཐུན་དགོས།
རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།