ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་བདུན་པ།
2024.07.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 7

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ལེའུ་གཉིས་པ།  རླངས་འཁོར་དང་ཁ་ལོ་པ།

ཚན་པ་གཉིས་པ། འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཁ་ལོ་པ།

དོན་ཚན་བཅུ་དགུ་པ། འཕྲུལ་སྒུལ་འཁོར་ལོའི་རིགས་བསྐོར་དགོས་ན། ཁྲིམས་དང་མཐུན་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཁ་ལོ་པའི་ལག་འཁྱེར་ལེན་དགོས།

འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཁ་ལོ་པའི་ལག་འཁྱེར་རེ་ཞུ་བྱེད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ཁ་ལོ་བྱས་ཆོག་པའི་ཆ་རྐྱེན་དང་མཐུན་དགོས།  རིམ་པ་ཁ་ཚང་གི་རྒྱུགས་བླངས་རྗེས།  ད་གཟོད་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་འཁོར་ལོའི་རིགས་དང་བསྟུན་ནས་ཁ་ལོ་པའི་ལག་འཁྱེར་སྤྲོད་དགོས།  མངའ་ཁོངས་ཕྱི་ནས་ཡོང་བའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཁ་ལོ་བྱས་ཆོག་པའི་དམིགས་བསལ་ཅན་གྱི་མི་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ཁ་ལོ་བྱས་ཆོག་པའི་ཆ་རྐྱེན་དང་མཐུན་དགོས་ཤིང༌། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དཔྱད་ཞིབ་འོས་མཐུན་བྱས་རྗེས། ད་གཟོད་ཀྲུང་གོའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཁ་ལོ་པའི་ལག་འཁྱེར་སྤྲད་ཆོག

ཁ་ལོ་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཁ་ལོ་པའི་ལག་འཁྱེར་སྟེང་གསལ་འགོད་བྱས་པའི་བསྐོར་ཆོག་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་བསྐོར་དགོས། འཕྲུལ་སྒུལ་འཁོར་ལོའི་རིགས་བསྐོར་སྐབས།  ཁ་ལོ་པའི་ལག་འཁྱེར་ནམ་ཡིན་ཡང་ལག་ཏུ་འཛིན་དགོས།

སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་སྡེ་ཁག་ལས་གཞན་པའི་ལས་ཁུངས་དང་ཡང་ན་མི་སྒེར་གང་རུང་གིས་འཕྲུལ་སྒུལ་འཁོར་ལོའི་རིགས་ཁ་ལོ་བྱས་ཆོག་པའི་ལག་འཁྱེར་རྩིས་ལེན་དང༌། བཀག་ཉར་བྱས་མི་ཆོག

དོན་ཚན་ཉི་ཤུ་པ། འཕྲུལ་སྒུལ་འཁོར་ལོའི་རིགས་ཁ་ལོ་བྱེད་པར་གསོ་སྦྱོང་བྱེད་པ་སྤྱི་ཚོགས་ཅན་དུ་ལག་བསྟར་བྱེད་དགོས། འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག་གིས་ཁ་ལོ་པ་གསོ་སྦྱོང་བྱེད་པའི་སློབ་གྲྭ་དང་ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭའི་ཐོབ་ཐང་གི་དོ་དམ་ལག་བསྟར་བྱེད་དགོས་ཤིང༌། དེའི་ནང་འདྲུད་འཐེན་འཁོར་ལོའི་ཁ་ལོ་པའི་གསོ་སྦྱོང་སློབ་གྲྭ་དང༌། ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭ་ལ་ཞིང་ལས་གཙོ་གཉེར་སྡེ་ཁག་གིས་ཆེད་དུ་ཐོབ་ཐང་ལ་དོ་དམ་ལག་བསྟར་བྱེད་པ་ཡིན། ཁ་ལོ་པའི་གསོ་སྦྱོང་སློབ་གྲྭ་དང་ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭས་རྒྱལ་ཁབ་གྱི་འབྲེལ་ཡོད་གཏན་ཁེལ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང༌། སློབ་མར་གཞུང་ལམ་འགྲིམ་འགྲུལ་ཕྱོགས་ཀྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ། ཁ་ལོ་པའི་ནུས་རྩལ་བཅས་གསོ་སྦྱོང་བྱས་ནས། གསོ་སྦྱོང་གི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས།

རྒྱལ་ཁབ་ཀྱི་ལས་ཁུངས་གང་རུང་ཞིག་དང་དེའི་ཁ་ལོ་པ་གསོ་སྦྱོང་དང་རྒྱུགས་ལེན་པའི་གཙོ་གཉེར་སྡེ་ཁག་གིས་ཁ་ལོ་པ་གསོ་སྦྱོང་བྱེད་པའི་སློབ་གྲྭ་དང་གསོ་སྦྱོང་འཛིན་གྲྭ་བསྒྲུབ་མི་ཆོག་པ་མ་ཟད། ནང་དུ་ཡང་ཞུགས་མི་ཆོག

དོན་ཚན་ཉེར་གཅིག་པ། ཁ་ལོ་པས་འཕྲུལ་སྒུལ་རླངས་འཁོར་བསྐོར་ནས་གཞུང་ལམ་དུ་བསྐྱོད་པའི་སྔོན་ལ། ངེས་པར་དུ་འཕྲུལ་སྒུལ་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ནུས་པར་ཞིབ་བཤེར་ནན་མོ་བྱེད་དགོས། བདེ་འཇགས་སྒྲིག་ཆས་མི་ཚང་བའམ་ཡང་ན་རླངས་འཁོར་ཀྱི་ལྷུ་ལག་དེ་ལག་རྩལ་ཚད་གཞི་མི་འཚམ་པ་སོགས་བདེ་འཇགས་ལ་མི་མངོན་པའི་རྐྱེན་ངན་ཡོད་པའི་འཕྲུལ་སྒུལ་རླངས་འཁོར་བསྐོར་མི་ཆོག

རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།