ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
ལེའུ་གསུམ་པ། གཞུང་ལམ་ཤར་བགྲོད་ཀྱི་ཆ་རྐྱེན།
དོན་ཚན་ཉེར་བརྒྱད་པ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་རང་འདོད་ཀྱིས་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་བཅས་སྒྲིག་འཛུགས་དང་སྤོ་སྒུལ། འཛིན་སྤྱོད། གཏོར་བརླག་གཏོང་མི་ཆོག
གཞུང་ལམ་གྱི་འགྲམ་གཉིས་དང་ཟུར་ལོག་རྒྱུད་དུ་བཙུགས་པའི་ལྕང་མའམ་སྐྱེ་དངོས་གཞན་པ། སྒྲིག་འཛུགས་བྱས་པའི་ཚོང་འཕྲིན་གྱི་ཨང་བྱང་དང་གློག་སྐུད། ལྕགས་མདོང་སོགས་ངེས་པར་དུ་འགྲིམ་འགྲུལ་སྒྲིག་ཆས་དང་ངེས་མཁོའི་བར་ཐག་སྲུང་འཛིན་བྱེད་དགོས། ལམ་འགྲམ་གྱི་གློག་སྒྲོན་དང་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན། འགྲིམ་འགྲུལ་རྟགས་མཚན་བཅས་བཀབ་མི་ཆོག་པ་དང༌། བདེ་འཇགས་མིག་རྒྱང་ལ་འགལ་རྐྱེན་དང་ཤར་བགྲོད་ལ་ཤུགས་རྐྱེན་བཟོ་མི་ཆོག
དོན་ཚན་ཉེར་དགུ་པ། གཞུང་ལམ་དང་རླངས་འཁོར་འཇོག་ས། གཞུང་ལམ་ཆ་སྡེབ་སྒྲིག་ཆས་ཀྱི་འཆར་འགོད་དང་ཇུས་འགོད། འཛུགས་སྐྲུན་དེ། ངེས་པར་དུ་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་ཤར་གཏོང་གི་བླང་བྱ་དང་འཚམ་དགོས་ལ། དེ་དང་མཉམ་དུ་འགྲིམ་འགྲུལ་གྱི་དགོས་མཁོ་གཞིར་བཟུང་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།
སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀོལ་སྤྱོད་བྱེད་བཞིན་པའི་གཞུང་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་པར་འབྱུང་བའི་གནས་ཚུལ་ཡོད་པ་དང༌། ཡང་ན་རླངས་འཁོར་འཇོག་ས་དང་གཞུང་ལམ་ཀྱིས་ཆ་སྡེབ་སྒྲིག་ཆས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་རྐྱེན་ངན་གནས་ཡོད་ཚེ། ངེས་པར་དུས་ཐོག་ཏུ་ས་གནས་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱེད་པ་དང༌། དེ་དང་ཆབས་ཅིག་འགྲིམ་འགྲུལ་དོན་རྐྱེན་ལ་དོགས་ཟོན་དང་མི་མངོན་རྐྱེན་ངན་སེལ་བའི་གྲོས་གཞི་འདོན་དགོས་ལ། ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུས་ཐོག་ཏུ་ཐག་གཅོད་གཏན་འཁེལ་བྱེད་དགོས།
དོན་ཚན་སུམ་ཅུ་པ། གཞུང་ལམ་ཉིལ་བ་དང་ཆུ་དོང༌། ཆུས་གཏོར་བ། འབུར་སྒང་སོགས་གཏོར་བརླག་ཐེབས་པའམ་ཡང་ན་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་སོགས་འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་དང་རྩ་བ་ནས་ཉམས་ཡོད་ན། གཞུང་ལམ་དང་འགྲིམ་འགྲུལ་སྒྲིག་ཆས་ཀྱི་ཉམས་གསོ་སྡེ་ཁག་གམ་ཡང་ན་དོ་དམ་སྡེ་ཁག་གིས་ངེས་པར་དུ་ཉེན་བརྡ་རྟགས་མཚན་འཛུགས་པ་དང་ཆབས་ཅིག་དུས་ཐོག་ཏུ་བསྐྱར་གསོ་བྱེད་དགོས།
སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གོང་གི་གནས་ཚུལ་ཡོད་ཅིང་འགྲིམ་འགྲུལ་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཤེས་ཀྱང་ད་དུང་ཉེན་བརྡ་རྟགས་མཚན་བཙུགས་མེད་ན། ངེས་པར་དུས་ཐོག་ཏུ་བདེ་འཇགས་ཀྱི་བྱེད་ཐབས་སྤྱད་དེ་འགྲིམ་འགྲུལ་ལ་སྣེ་འཁྲིད་བྱེད་དགོས་ཤིང༌། དེ་དང་ལྷན་དུ་གཞུང་ལམ་དང་འགྲིམ་འགྲུལ་སྒྲིག་ཆས་ཀྱི་ཉམས་གསོ་སྡེ་ཁག་གམ་ཡང་ན་དོ་དམ་སྡེ་ཁག་ལ་བརྡ་གཏོང་དགོས།
རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།