ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་བཅུ་བཞི་བ།
2024.08.19 ཁུངས། ཀློག་གྲངས། 4

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

དོན་ཚན་ཞེ་བཞི་པ། འཕྲུལ་སྒུལ་རླངས་འཁོར་བསྣོལ་མའི་ལམ་མདོར་བརྒྱུད་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་གམ་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟར་བརྒྱུད་དགོས། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་གམ་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་མེད་པའི་བསྣོལ་མའི་ལམ་མདོར་བརྒྱུད་སྐབས། ངེས་པར་དུ་མྱུར་ཚད་དལ་པོས་བསྐྱོད་དགོས་པ་དང༌། དེ་དང་ཆབས་ཅིག་ལམ་འགྲོ་བ་དང་ཐོག་མར་བསྐྱོད་དགོས་པའི་རླངས་འཁོར་ལ་སྔོན་ལ་བསྐྱོད་དུ་འཇུག་དགོས།

དོན་ཚན་ཞེ་ལྔ་པ། འཕྲུལ་སྒུལ་རླངས་འཁོར་གྱིས་སྔོན་ལ་རླངས་འཁོར་གྲལ་སྒྲིག་ནས་སྒུག་པའམ་ཡང་ན་དལ་མོར་བསྐྱོད་པ་དང་འཕྲད་སྐབས། ལམ་གཞན་པ་བརྒྱུད་ནས་སྔོན་ལ་འགྲོ་བའམ་ཡང་ན་ཁ་གཏད་གཞུང་ལམ་སྤྱད་ནས་སྡོད་མི་རུང་ལ། སྒུག་བཞིན་པའི་རླངས་འཁོར་གྱི་བར་གསེང་དུ་འཚང་མི་རུང༌།

གཞུང་ལམ་ཇེ་ཉུང་དུ་སོང་བའི་ལམ་མདོ་དང་ལམ་རྒྱུད། ཡང་ན་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་གམ་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་མེད་པའི་བསྣོལ་མའི་ལམ་མདོར་རླངས་འཁོར་བསྡད་དེ་གྲལ་སྒྲིག་ནས་སྒུག་པའམ་ཡང་ན་དལ་མོས་བསྐྱོད་པ་དང་འཕྲད་སྐབས། འཕྲུལ་སྒུལ་རླངས་འཁོར་གྱིས་ངེས་པར་དུ་རིམ་པ་ལྟར་རེས་མོས་བྱས་ནས་བསྐྱོད་དགོས།

དོན་ཚན་ཞེ་དྲུག་པ། འཕྲུལ་སྒུལ་རླངས་འཁོར་ལྕགས་ལམ་མདོར་བསྐྱོད་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་སམ་ཡང་ན་དོ་དམ་མི་སྣའི་བཀོད་འདོམས་ལྟར་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་སམ་དོ་དམ་མི་སྣ་མེད་ན། ངེས་པར་དུ་མྱུར་ཚད་ཇེ་དལ་དུ་གཏོང་བའམ་ཡང་ན་འགྲོ་མཚམས་འཇོག་དགོས་ལ། བདེ་འཇགས་ཡིན་པར་ངོས་བཟུང་རྗེས་བསྐྱོད་མགོ་བརྩམ་དགོས།

དོན་ཚན་ཞེ་བདུན་པ། འཕྲུལ་སྒུལ་རླངས་འཁོར་ལམ་འགྲོ་བའི་འཕྲེད་ལམ་དུ་བསྐྱོད་སྐབས། ངེས་པར་དུ་མྱུར་ཚད་ཇེ་དལ་དུ་བཏང་ནས་བསྐྱོད་དགོས།

ལམ་འགྲོ་བས་འཕྲེད་ལམ་བརྒྱུད་ནས་འགྲོ་བ་དང་འཕྲད་ན། ངེས་པར་དུ་འགྲོ་མཚམས་བཞག་ནས་ལམ་འགྲོ་བ་སྔོན་ལ་འགྲོ་རུ་འཇུག་དགོས། འཕྲུལ་སྒུལ་རླངས་འཁོར་གྱིས་འགྲིམ་འགྲུལ་བརྡ་རྟགས་མེད་པའི་གཞུང་ལམ་དུ་བསྐྱོད་སྐབས། ལམ་འགྲོ་བས་འཕྲེད་ལམ་བརྒྱུད་ནས་འགྲོ་བ་དང་འཕྲད་ན། ངེས་པར་དུ་འགྲོ་ལམ་འབྱེད་དགོས།

དོན་ཚན་ཞེ་བརྒྱད་པ། འཕྲུལ་སྒུལ་རླངས་འཁོར་གྱིས་དངོས་ཟོག་སྐྱེལ་སྐབས་ངེས་པར་དུ་གཏན་ལ་ཕབ་པའི་ཚད་གཞི་ལྟར་སྐྱེལ་དགོས་པ་ལས། ཐེག་ཚད་ལས་བརྒལ་བ་གཏན་འགོག་བྱེད་དགོས། དངོས་ཟོག་བརྩིགས་པའི་རིང་ཚད་དང་ཞེང་ཚད། མཐོ་ཚད་བཅས་འགེལ་ཚད་ཀྱི་བླང་བྱ་ལས་བརྒལ་མི་ཆོག་ལ། ཟོག་སྐྱེལ་དངོས་པོ་དྲུད་འགྲོ་བ་དང་ལམ་དུ་གཏོར་བ་སོགས་བྱེད་མི་རུང༌།

འཕྲུལ་སྒུལ་རླངས་འཁོར་གྱིས་ཟོག་སྐྱེལ་ཚད་གཞི་ལས་བརྒལ་ཞིང་ཁ་ཕྲལ་མི་རུང་བའི་དངོས་རྫས་སྐྱེལ་འདྲེན་བྱེད་པར། འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཡོད་ན། ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གཏན་ལ་ཕབ་པའི་དུས་ཚོད་དང་ལམ་ཐིག མྱུར་ཚད་ལྟར་བསྐྱོད་དགོས་ལ། མངོན་གསལ་གྱི་རྟགས་མཚན་འགེལ་དགོས། གཞུང་ལམ་སྟེང་ཟོག་སྐྱེལ་ཚད་གཞི་ལས་བརྒལ་ཞིང་ཁ་ཕྲལ་མི་རུང་བའི་དངོས་རྫས་སྐྱེལ་འདྲེན་བྱེད་པ་དང༌། དེ་དང་ལྷན་དུ་ངེས་པར་དུ་གཞུང་ལམ་བཅའ་ཁྲིམས་ཀྱི་གཏན་འབེབ་ལྟར་ལག་བསྟར་བྱེད་དགོས།

འཕྲུལ་སྒུལ་རླངས་འཁོར་གྱིས་འགས་གཏོར་དངོས་རྫས་དང་འབར་གས་ཅན་གྱི་རྫས་འགྱུར་དངོས་རྫས། དུག་ཆེན། འཕྲོ་འགྱེད་རང་བཞིན་སོགས་ཀྱི་ཉེན་ཁའི་དངོས་རྫས་སྐྱེལ་འདྲེན་བྱེད་སྐབས། ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་བརྒྱུད་རྗེས། གཏན་ལ་ཕབ་པའི་དུས་ཚོད་དང་ལམ་ཐིག མྱུར་ཚད་ལྟར་བསྐྱོད་དགོས་ལ། ཉེན་བརྡའི་རྟགས་མཚན་འགེལ་བ་དང་ཆབས་ཅིག་ངེས་མཁོའི་བདེ་འཇགས་བྱེད་ཐབས་སྤྱོད་དགོས།

རྩོམ་སྒྲིག་པ་དང་སྙན་སྒྲོན་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།