ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
དོན་ཚན་ཞེ་དགུ་པ། འཕྲུལ་སྒུལ་རླངས་འཁོར་གྱིས་མི་སྐྱེལ་བར་གཏན་ལ་ཕབ་པའི་མི་གྲངས་ལས་བརྒལ་མི་ཆོག་ཅིང༌། འགྲུལ་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱིས་གཏན་ལ་ཕབ་པའི་དངོས་ཟོག་སྐྱེལ་ཚད་ལས་བརྒལ་མི་ཆོག
དོན་ཚན་ལྔ་བཅུ་པ། ཟོག་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱིས་འགྲུལ་སྐྱེལ་བྱེད་པ་གཏན་འགོག་བྱ་དགོས། ཟོག་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱིས་ཞོར་དུ་ལས་སྒྲུབ་པ་སྐྱེལ་དགོས་སྐབས། ངེས་པར་དུ་ལས་སྒྲུབ་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྤྱོད་དགོས།
དོན་ཚན་ལྔ་གཅིག་པ། འཕྲུལ་སྒུལ་རླངས་འཁོར་བསྐྱོད་སྐབས། ཁ་ལོ་བ་དང་རླངས་འཁོར་དུ་སྡོད་མཁན་གྱིས་ངེས་པར་དུ་གཏན་འཁེལ་ལྟར་བདེ་འཇགས་འཆིང་ཐག་སྤྱོད་དགོས་ལ། འཕྲུལ་རྟའི་ཁ་ལོ་བ་དང་འཕོང་ཞོན་མི་སྣས་ངེས་པར་དུ་གཏན་འཁེལ་ལྟར་བདེ་འཇགས་ཞྭ་མོ་གྱོན་དགོས།
དོན་ཚན་ལྔ་གཉིས་པ། འཕྲུལ་སྒུལ་རླངས་འཁོར་ལ་གཞུང་ལམ་སྟེང་འགལ་རྐྱེན་བྱུང་སྟེ། རླངས་འཁོར་འགྲོ་མཚམས་བཞག་ནས་འགལ་རྐྱེན་སེལ་དགོས་སྐབས། ཁ་ལོ་བས་ངེས་པར་དུ་ཉེན་ཟོན་ཉེན་བརྡའི་གློག་སྒྲོན་བཀར་དགོས་ལ། འཕྲུལ་སྒུལ་རླངས་འཁོར་འགྲིམ་འགྲུལ་ལ་འགལ་རྐྱེན་མི་བཟོ་བའི་སར་འཇོག་དགོས། སྒུལ་སྤོར་བྱེད་མི་ཐུབ་ན། ངེས་པར་དུ་ཉེན་ཟོན་ཉེན་བརྡའི་གློག་སྒྲོན་བཀར་བ་རྒྱུད་སྲིང་དང༌། རླངས་འཁོར་ཡོང་སའི་ཁ་ཕྱོགས་སུ་ཉེན་བརྡའི་རྟགས་མཚན་འཛུགས་པ་སོགས་ཉེར་བརྡ་གཏོང་བའི་བར་ཐག་རྒྱ་བསྐྱེད་དགོས་ལ། ངེས་མཁོའི་སྐབས་སུ་མྱུར་དུ་ཉེན་རྟོག་པར་རེ་ཞུ་བྱེད་དགོས།
དོན་ཚན་ལྔ་གསུམ་པ། ཉེན་རྟོག་རླངས་འཁོར་དང་མེ་གསོད་རླངས་འཁོར། བཟོ་སྐྲུན་ཉེན་སྐྱོབ་རླངས་འཁོར་གྱིས་བྲེལ་མྱུར་ལས་འགན་སྒྲུབ་སྐབས། ཉེན་རྟོག་གཏོང་ཆས་དང་རྟགས་མཚན་གློག་སྒྲོན་བཀོལ་ཆོག བདེ་འཇཊ་ཁག་ཐེག་བྱེད་པའི་ཆ་རྐྱེན་འོག་ལམ་ཐིག་དང་ཁ་ཕྱོགས། མྱུར་ཚད། བརྡ་རྟགས་གློག་སྒྲོན་གྱི་ཚོད་འཛིན་དང་ལེན་མི་བྱེད་པར་བསྐྱོད་ཆོག་ལ། རླངས་འཁོར་གཞན་པ་དང་ལམ་འགྲོ་བས་ངེས་པར་དུ་འགྲོ་ལམ་འབྱེད་དགོས།
ཉེན་རྟོག་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར། བཟོ་སྐྲུན་ཉེན་སྐྱོབ་རླངས་འཁོར་གྱིས་བྲེལ་མྱུར་ལས་འགན་ལག་བསྟར་མི་བྱེད་པའི་སྐབས་སུ། ཉེན་བརྡ་གཏོང་ཆས་དང་རྟགས་མཚན་གློག་སྒྲོན་བཀོལ་མི་ཆོག་ལ། དོན་ཚན་སྔོན་མའི་གཏན་འཁེལ་ལྟར་གཞུང་ལམ་དུ་སྔོན་ལ་བསྐྱོད་པའི་དབང་ཆ་ལོངས་སུ་སྤྱོད་མི་ཆོག
དོན་ཚན་ལྔ་བཞི་པ། གཞུང་ལམ་ཉམས་གསོ་བྱེད་པའི་རླངས་འཁོར་དང་བཟོ་སྐྲུན་ལས་སྒྲུབ་རླངས་འཁོར་གྱིས་ལས་ཀ་སྒྲུབ་སྐབས། རླངས་འཁོར་གྱི་འགྲོ་འོང་ལ་ཤུགས་རྐྱེན་མི་བཟོ་བའི་ཆ་རྐྱེན་འོག་ལམ་ཐིག་དང་ཁ་ཕྱོགས་ལ་འགྲིམ་འགྲུལ་རྟགས་མཚན་དང་ལམ་ཐིག་གི་ཚོད་འཛིན་དང་ལེན་མི་བྱེད་པར་བསྐྱོད་ཆོག་ཅིང༌། འགྲོ་འོང་གི་རླངས་འཁོར་དང་ལམ་འགྲོ་བས་ངེས་པར་དུ་ལམ་འབྱེད་པར་དོ་སྣང་བྱེད་དགོས།
ཆུ་གཏོར་རླངས་འཁོར་དང་གཙང་ཕྱགས་རླངས་འཁོར་སོགས་འཕྲུལ་སྒུལ་གྱིས་ངེས་པར་དུ་བདེ་འཇགས་ལས་སྒྲུབ་ཀྱི་ཚད་གཞི་ལྟར་ལས་ཀ་སྒྲུབ་དགོས། རླངས་འཁོར་གཞན་པ་བསྐྱོད་པར་ཤུགས་རྐྱེན་མི་བཟོ་བའི་གནས་ཚུལ་འོག རླངས་འཁོར་གྱི་གཞུང་ལམ་དབྱེ་བ་ལྟར་བསྐྱོད་པའི་ཚོད་འཛིན་ལ་དང་ལེན་མི་བྱེད་ཀྱང་ཆོག་ལ། འོན་ཀྱང་ཁ་ཕྱོགས་ལྡོག་ནས་བསྐྱོད་མི་ཆོག
དོན་ཚན་ང་ལྔ་པ། མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་ཆེ་འབྲེང་གི་ལྟེ་བའི་མཁར་ཁུལ་གྱི་གཞུང་ལམ་དུ་ལག་སྐྱོར་འཕྲུལ་འཁོར་བསྐྱོད་པ་གཏན་འགོག་བྱེད་དགོས། ལག་སྐྱོར་འཕྲུལ་འཁོར་བསྐྱོད་མི་ཆོག་པའི་གཞུང་ལམ་གཞན་པ་ནི། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ས་གནས་རང་གི་དངོས་ཡོད་གནས་ཚུལ་ལྟར་གཏན་ལ་འབེབ་དགོས། ལག་སྐྱོར་འཕྲུལ་འཁོར་བསྐྱོད་ཆོག་པའི་གཞུང་ལམ་སྟེང༌། ལག་སྐྱོར་འཕྲུལ་འཁོར་གྱིས་དངོས་ཟོག་སྐྱེལ་ཆོག་ལ། འོན་ཀྱང་མི་སྐྱེལ་འདྲེན་བྱེད་མི་ཆོག
རྩོམ་སྒྲིག་པ་དང་སྙན་སྒྲོན་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།