ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
དོན་ཚན་ང་དྲུག་པ། འཕྲུལ་སྒུལ་རླངས་འཁོར་ངེས་པར་དུ་གཏན་ལ་ཕབ་པའི་ས་གནས་སུ་འཇོག་དགོས། ལམ་འགྲོ་བའི་གཞུང་ལམ་དུ་འཕྲུལ་སྒུལ་རླངས་འཁོར་འཇོག་སའི་ས་ཚིགས་ལས་གཞན་དུ་འཇོག་མི་ཆོག
གཞུང་ལམ་སྟེང་གནས་སྐབས་སུ་རླངས་འཁོར་འཇོག་པར། རླངས་འཁོར་གཞན་པ་དང་ལམ་འགྲོ་བར་བར་ཆད་བཟོ་མི་ཆོག
ཚན་པ་གསུམ་པ། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་ཤར་བགྲོད་ཀྱི་གཏན་འཁེལ།
དོན་ཚན་ང་བདུན་པ། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་བཏང་ནས་གཞུང་ལམ་དུ་བསྐྱོད་སྐབས་ངེས་པར་དུ་འབྲེལ་ཡོད་འགྲིམ་འགྲུལ་བདེ་འཇཊ་ཀྱི་གཏན་འཁེལ་ལ་བརྩི་སྲུང་བྱེད་དགོས། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་ངེས་པར་དུ་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་ལམ་ནང་དུ་བསྐྱོད་དགོས། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་གཞུང་ལམ་མེད་སར། ངེས་པར་དུ་རླངས་འཁོར་བསྐྱོད་སའི་གཞུང་ལམ་གྱི་གཡས་འགྲམ་བཅར་ནས་བསྐྱོད་དགོས།
དོན་ཚན་ང་བརྒྱད་པ། དབང་བོ་སྐྱོན་ཅན་གྱི་འཕྲུལ་སྒུལ་རྐུབ་སྟེགས་འཁོར་ལོ་དང་གློག་སྒུལ་ལྕགས་རྟ་དེ་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་གཞུང་ལམ་དུ་བསྐྱོད་སྐབས། ཆེས་མཐོ་བའི་མྱུར་ཚད་དུས་ཚོད་རེར་སྤྱི་ལེ་ལྔ་བཅུ་ལས་བརྒལ་མི་ཆོག
དོན་ཚན་ང་དགུ་པ། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་ངེས་པར་དུ་གཏན་འཁེལ་བྱས་པའི་ས་གནས་སུ་འཇོག་དགོས། འཁོར་ལོ་འཇོག་ས་བཙུགས་མེད་ན། འཕྲུལ་སྒུལ་རླངས་འཁོར་འཇོག་པར་རླངས་འཁོར་གཞན་པ་དང་ལམ་འགྲོ་བར་བར་ཆད་གཏོང་མི་ཆོག
དོན་ཚན་དྲུག་ཅུ་པ། ཕྱུགས་འདྲུད་འཁོར་ལོ་ཁྲིད་སྐབས། ངེས་པར་དུ་འདུལ་གསོ་ཕྱུགས་རིགས་བཀོལ་དགོས། ཕྱུགས་འདྲུད་འཁོར་ལོ་གཞུང་ལམ་དུ་འཕྲེད་ཀྱིས་བསྐྱོད་སྐབས། ཕྱུགས་རིགས་ཁྲིད་མཁན་གྱིས་ངེས་པར་དུ་འཁོར་ལོ་ལས་བབ་ནས་ཕྱུགས་རིགས་འཁྲིད་དགོས། ཕྱུགས་རིགས་ཀྱི་བདག་པོ་འཁོར་ལོ་དང་ཁ་འབྲལ་སྐབས། ངེས་པར་དུ་ཕྱུགས་རིགས་འདོགས་དགོས།
ཚན་པ་བཞི་པ། ལམ་འགྲོ་བ་དང་རླངས་འཁོར་དུ་སྡོད་མཁན་གྱི་ཤར་བགྲོད་གཏན་འཁེལ།
དོན་ཚན་རེ་གཅིག་པ། ལམ་འགྲོ་བས་ངེས་པར་དུ་མི་འགྲོ་སའི་ལམ་ནས་བསྐྱོད་དགོས་ལ། མི་འགྲོ་སའི་ལམ་མེད་ན་ལམ་འགྲམ་ནས་བསྐྱོད་དགོས།
དོན་ཚན་རེ་གཉིས་པ། ལམ་འགྲོ་བས་ལམ་མདོ་བརྒྱུད་པའམ་ཡང་ན་གཞུང་ལམ་འཕྲེད་ཀྱིས་བཅད་ནས་འགྲོ་སྐབས། ངེས་པར་དུ་ལམ་འགྲོ་བའི་འཕྲེད་ལམ་མམ་ཡང་ན་སྲང་བརྒལ་སྒྲིག་ཆས་བརྒྱུད་ནས་འགྲོ་དགོས། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ཡོད་པའི་ལམ་འགྲོ་བའི་འཕྲེད་ལམ་བརྒྱུད་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་གྱི་མཛུབ་སྟོན་ལྟར་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་ལམ་འགྲོ་བའི་འཕྲེད་ལམ་མེད་སའི་ལམ་མདོ་བརྒྱུད་པ་དང༌། ཡང་ན་སྲང་བརྒལ་སྒྲིག་ཆས་མེད་པའི་ལམ་རྒྱུད་དུ་གཞུང་ལམ་འཕྲེད་ཀྱིས་བཅད་ནས་བརྒྱུད་སྐབས། ངེས་པར་དུ་བདེ་འཇགས་ཡིན་པ་ངོས་བཟུང་རྗེས་འགྲོ་དགོས།
དོན་ཚན་རེ་གསུམ་པ། ལམ་འགྲོ་བས་གཞུང་ལམ་གྱི་ཟུར་བཀར་སྒྲིག་ཆས་ལ་མཆོང་འགོམ་དང་ཞོན་བསྙེས་བྱེད་མི་ཆོག་ལ། ལག་པས་རླངས་འཁོར་འགོག་པ་དང་བཙན་ཚུགས་ཀྱིས་རླངས་འཁོར་འགོག་པའམ་ཡང་ན་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་གཞན་པ་ལག་བསྟར་བྱེད་མི་ཆོག
དོན་ཚན་རེ་བཞི་པ། སློབ་ལོ་མ་རན་པའི་བྱིས་པ་དང་ངོས་འཛིན་མི་ཐུབ་པའམ་ཡང་ན་རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པའི་སྨྱོ་ནད་ཅན་དང་དབང་ཤུགས་ཉམས་པའི་མིས་གཞུང་ལམ་བརྒྱུད་དུས། ངེས་པར་དུ་དེའི་ལྟ་སྲུང་པ་དང་ལྟ་སྲུང་བར་མངག་བཅོལ་བྱས་མིའམ་ཡང་ན་དེར་དོ་དམ་དང་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་པའི་མིས་སྣེ་འཁྲིད་དགོས།
དོན་ཚན་རེ་ལྔ་པ། ལམ་འགྲོ་བས་ལྕགས་ལམ་གྱི་ལམ་མདོ་བརྒྱུད་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་སམ་ཡང་ན་དོ་དམ་མི་སྣའི་བཀོད་འདོམས་ལྟར་འགྲོ་དགོས། འགྲིམ་འགྲུལ་བརྡ་རྟགས་དང་དོ་དམ་མི་སྣ་མེད་ན། ངེས་པར་དུ་མེ་འཁོར་ཉེ་འཁོར་དུ་མེད་པ་ངོས་བཟུང་རྗེས། མྱུར་དུ་འགྲོ་དགོས།
དོན་ཚན་རེ་དྲུག་པ། རླངས་འཁོར་དུ་སྡོད་མཁན་གྱིས་འབར་གས་སླ་བའི་ཉེན་ཁའི་དངོས་རྫས་འཁྱེར་མི་རུང་ལ། རླངས་འཁོར་ཕྱི་རོལ་དུ་དངོས་རྫས་གཏོར་མི་རུང་བ་ཟད། ཁ་ལོ་བས་བདེ་འཇགས་ངང་རླངས་འཁོར་གཏོང་བར་གནོད་པ་ཡོད་པའི་བྱ་སྤྱོད་ལག་བསྟར་བྱ་མི་རུང༌།
ཚན་པ་ལྔ་པ། མྱུར་བགྲོད་གཞུང་ལམ་གྱི་དམིགས་བསལ་གཏན་འཁེལ།
དོན་ཚན་རེ་བདུན་པ། ལམ་འགྲོ་བ་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ། ལག་སྐྱོར་འཕྲུལ་འཁོར། འཁོར་ལོ་ཅན་གྱི་ཆེད་སྤྱོད་འཕྲུལ་འཁོར། བཏགས་འབྲེལ་ཅན་གྱི་འགྲུལ་འཁོར། འགེལ་འདྲུད་འཕྲུལ་འཁོར། གཞན་ཡང་ཆུ་ཚོད་རེར་ཆེས་མཐོའི་མྱུར་ཚད་སྤྱི་ལེ་བདུན་ཅུ་མན་བསྐྱོད་པའི་འཕྲུལ་སྒུལ་འཁོར་ལོ་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་མི་ཆོག མྱུར་བགྲོད་གཞུང་ལམ་གྱི་མྱུར་ཚད་ཚོད་འཛིན་རྟགས་མཚན་གསལ་བོར་བཀོད་པའི་དུས་ཚོད་རེར་ཆེས་མཐོའི་འགྲོས་ཚད་སྤྱི་ལེ་བརྒྱ་དང་ཉི་ཤུ་ལས་བརྒལ་མི་ཆོག
དོན་ཚན་རེ་བརྒྱད་པ། འཕྲུལ་སྒུལ་རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་ཆག་སྐྱོན་བྱུང་སྐབས། ངེས་པར་དུ་བཅའ་ཁྲིམས་འདིའི་དོན་ཚན་ང་གཉིས་པའི་འབྲེལ་ཡོད་གཏན་འཁེལ་ལྟར་བསྒྲུབ་དགོས། འོན་ཀྱང༌། ཉེན་བརྡ་རྟགས་མཚན་ངེས་པར་དུ་ཆག་སྐྱོན་བྱུང་བའི་རླངས་འཁོར་ནས་རླངས་འཁོར་ཡོང་སའི་རྨིས་བརྒྱ་དང་ལྔ་བཅུའི་ཡན་ཆད་དུ་འཛུགས་དགོས་ལ། རླངས་འཁོར་སྟེང་གི་མི་ངེས་པར་དུ་གཡས་ཕྱོགས་ཀྱི་ལམ་འགྲམ་མམ་ཡང་ན་བྲེལ་མྱུར་རླངས་འཁོར་གཞུང་ལམ་ནང་སྤོ་བ་དང༌། དེར་མ་ཟད་མྱུར་དུ་ཉེན་རྟོག་པར་རེ་ཞུ་བྱ་དགོས།
འཕྲུལ་སྒུལ་རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་ཆག་སྐྱོན་བྱུང་བའམ་ཡང་ན་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། རྒྱུན་ལྡན་ལྟར་བསྐྱོད་མི་ཐུབ་ན། ངེས་པར་དུ་འཕྲལ་སྐྱོབ་རླངས་འཁོར་དང་འགལ་སེལ་རླངས་འཁོར་གྱིས་འདྲུད་འཐེན་བྱེད་དགོས།
དོན་ཚན་རེ་དགུ་པ། སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་བྲེལ་མྱུར་གཞུང་དོན་ལག་བསྟར་བྱེད་པ་ལས། གཞན་གྱི་ལས་ཁུངས་དང་མི་སྒེར་སུ་ཡིན་རུང་མྱུར་བགྲོད་གཞུང་ལམ་སྟེང་བཀག་ནས་རླངས་འཁོར་ལ་ཞིབ་བཤེར་བྱས་མི་ཆོག
རྩོམ་སྒྲིག་པ་དང་སྙན་སྒྲོན་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།