ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་བཅོ་བརྒྱད་པ།
2024.09.15 ཁུངས། ཀློག་གྲངས། 6

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

དོན་ཚན་དོན་ལྔ་པ། སྨན་བཅོས་ལས་ཁུངས་ཀྱིས་འགྲིམ་འགྲུལ་ཆག་སྒོའི་ཁྲོད་ཀྱི་རྨས་ཕོག་མི་སྣ་འཕྲལ་དུ་མྱུར་སྐྱོབ་བྱེད་དགོས་ལ། མྱུར་སྐྱོབ་སྒོར་མོ་དུས་ཐོག་ཏུ་འཕྲོད་མི་ཐུབ་པར་མྱུར་སྐྱོབ་འགོར་འགྱངས་བྱེད་མི་ཆོག ཆག་སྒོ་སློང་བའི་རླངས་འཁོར་དེ་འཕྲུལ་སྒུལ་རླངས་འཁོར་གྱི་དོ་བདག་པ་གསུམ་པའི་འགན་འཁྲི་བཙན་ཤེད་ཀྱི་འགན་བཅོལ་ལ་ཞུགས་ཡོད་ན། འགན་བཅོལ་ཀུང་སིའི་འགན་འཁྲིའི་བཅད་གྲངས་ཁྱབ་ཁོངས་ནང་དུ་མྱུར་སྐྱོབ་སྒོར་མོ་གཏོང་སྤྲོད་བྱེད་དགོས། མྱུར་སྐྱོབ་སྒོར་མོ་འགན་འཁྲིའི་བཅད་གྲངས་ལས་བརྒལ་བ་དང༌། འཕྲུལ་སྒུལ་རླངས་འཁོར་གྱི་དོ་བདག་པ་གསུམ་པའི་འགན་འཁྲི་བཙན་ཤེད་ཀྱི་འགན་བཅོལ་དུ་ཞུགས་མེད་པ་དང་ཡང་ན་ཆག་སྒོ་སློང་རྗེས་བྲོས་བྱོལ་བྱས་པར་བགྲོད་ལམ་འགྲིམ་འགྲུལ་ཆག་སྒོའི་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩ་ཡིས་ཐོག་མར་ཁག་ཅིག་དང་ཡང་ན་མྱུར་སྐྱོབ་འགྲོ་སྒོ་ཡོད་ཚད་སྤྲོད་དངུལ་སྔ་འདོན་བྱེད་དགོས། བགྲོད་ལམ་འགྲིམ་འགྲུལ་ཆག་སྒོའི་སྤྱི་ཚོགས་ཐེབས་རྩ་དོ་དམ་ལས་ཁུངས་ལ་འགྲིམ་འགྲུལ་ཆག་སྒོའི་འགན་འཁུར་བའི་སྐྱིན་ཚབ་བདའ་འདེད་བྱེད་པའི་དབང་ཆ་ཡོད།

དོན་ཚན་དོན་དྲུག་པ། འཕྲུལ་སྒུལ་རླངས་འཁོར་གྱིས་འགྲིམ་འགྲུལ་ཆག་སྒོ་སློང་ནས་མི་ལུས་ལ་གནོད་འཚེ་བཏང་བ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པར། འགན་བཅོལ་ཀུང་སིས་འཕྲུལ་སྒུལ་རླངས་འཁོར་གྱི་དོ་བདག་པ་གསུམ་པའི་འགན་འཁྲི་བཙན་ཤེད་འགན་བཅོལ་འགན་འཁྲི་བཅད་གྲངས་ཁྱབ་ཁོངས་ནང་དུ་སྐྱིན་ཚབ་འཇལ་དགོས། མི་འདང་བའི་ཁག་དེ་གཤམ་གྱི་གཏན་ཁེལ་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས།

(གཅིག)འཕྲུལ་སྒུལ་རླངས་འཁོར་གྱི་བར་འགྲིམ་འགྲུལ་ཆག་སྒོ་བྱུང་ན། ནོར་འཁྲུལ་བྱུང་བའི་ཕྱོགས་ཀྱིས་འགན་འཁུར་དགོས། ཕྱོགས་གཉིས་ཀ་ནོར་འཁྲུལ་བྱུང་བ་ཡིན་ན། སོ་སོའི་ནོར་འཁྲུལ་གྱི་བསྡུར་ཚད་ལྟར་འགན་འཁུར་དགོས།

(གཉིས)འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བ་དང་ལམ་འགྲོ་བའི་བར་འགྲིམ་འགྲུལ་ཆག་སྒོ་བྱུང་ན། འཕྲུལ་སྒུལ་རླངས་འཁོར་གྱི་ཕྱོགས་གཅིག་གིས་འགན་ཁུར་དགོས། འོན་ཀྱང༌། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བ་དང་ལམ་འགྲོ་བའི་བར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་དང་འགལ་ན། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་དགོས་ངེས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་ན། འཕྲུལ་སྒུལ་རླངས་འཁོར་ཕྱོགས་ཀྱི་འགན་འཁུར་ཇེ་ཡང་དུ་གཏོང་དགོས།

འགྲིམ་འགྲུལ་ཆག་སྒོའི་གྱོང་གུན་ནི་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བ་དང་ལམ་འགྲོ་བས་རྐང་བཙུགས་ནས་བསླངས་པ་ཡིན་ན། འཕྲུལ་སྒུལ་རླངས་འཁོར་ཕྱོགས་ཀྱིས་གྱོང་གུན་ཁ་གསབ་ཀྱི་འགན་འཁུར་མི་དགོས།

དོན་ཚན་དོན་བདུན་པ། རླངས་འཁོར་བགྲོད་ལམ་མ་ཡིན་པའི་ས་ནས་བསྐྱོད་དུས་ཆག་སྒོ་བྱུང་ནས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་དོན་རྐྱེན་སྙན་ཞུ་འབྱོར་བ་ཡིན་ན། ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་ལྟར་བསྒྲུབ་དགོས།

ལེའུ་དྲུག་པ། ཁྲིམས་འཛིན་ལྟ་སྐུལ།

དོན་ཚན་དོན་བརྒྱད་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པའི་དོ་དམ་ལ་ཤུགས་སྣོན་བྱེད་ཅིང༌། འགྲིམ་འགྲུལ་ཉེན་རྟོག་པའི་བྱང་ཚད་དང་བགྲོད་ལམ་འགྲིམ་འགྲུལ་ལ་དོ་དམ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པར་ཁྲིམས་ལུགས་དང་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་སྒོའི་གསོ་སྦྱོང་དང་དཔྱད་ཞིབ་བྱེད་དགོས། དཔྱད་ཞིབ་བྱས་པ་བརྒྱུད་ཚད་མ་ལོན་པའི་འགྲིམ་འགྲུལ་ཉེན་རྟོག་པ་ལས་ཀར་ཞུགས་ནས་ལས་འགན་འཁུར་བྱེད་མི་ཆོག

དོན་ཚན་དོན་དགུ་པ།  སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་བགྲོད་ལམ་བདེ་འཇགས་དོ་དམ་ལག་བསྟར་བྱས་ན། ཁྲིམས་བཅད་ཀྱི་འགན་དབང་དང་གོ་རིམ་ལ་བརྟེན་ནས་དོན་སྒྲུབ་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས་ལ། གཞུང་དྲང་དང་གཟབ་ནན། ཤེས་རིག། ནུས་མཐོ་བཅས་ཡིན་དགོས།

དོན་ཚན་གྱ་བཅུ་པ།   འགྲིམ་འགྲུལ་ཉེན་རྟོག་པས་ལས་འགན་ལག་བསྟར་བྱེད་དུས། གཏན་འཁེལ་ལྟར་གྱོན་ཆས་གོན་པ་དང༌།    མི་དམངས་ཉེན་རྟོག་པའི་མཚོན་རྟགས་འདོགས་པ།  མི་དམངས་ཉེན་རྟོག་པའི་ལག་འཁྱེར་འཛིན་དགོས། ཉེན་རྟོག་པའི་ངང་ཚུལ་ལེགས་པོ་དང་བྱེད་ལུགས་ཚུལ་དང་མཐུན་པ། བཀོད་འདོམས་ཚད་ལྡན་ཡིན་པ་རྒྱུན་སྲུང་བྱེད་དགོས།

དོན་ཚན་གྱ་གཅིག་པ། ཁྲིམས་འདི་ལྟར་ཨང་རྟགས་དང་དཔང་ཡིག་སྤྲོད་པ་སོགས་གླ་ལེན་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱས་པའི་དངུལ་ལེན་ཚད་གཞི་ལྟར་ལག་བསྟར་ནན་པོ་བྱེད་པ་མ་ཟད། ད་དུང་ཚང་མ་རྒྱལ་མཛོད་དུ་སྤྲོད་དགོས།

དོན་ཚན་གྱ་གཉིས་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་དངུལ་ཆད་གཅོད་པའི་སྲིད་འཛིན་དངུལ་ཆད་ལག་བསྟར་བྱེད་ཅིང༌། འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར། ཆད་དངུལ་ཐག་གཅོད་དང་ཆད་དངུལ་རྩིས་ལེན་དབྱེ་འབྱེད་ལག་བསྟར་བྱས་ཏེ། རྩིས་ལེན་བྱས་པའི་ཆད་དངུལ་དང་དེ་མིན་ཁྲིམས་ལྟར་གཞུང་བསྡུ་བྱས་པའི་ཁྲིམས་འགལ་ཐོབ་ཁྲལ་ཚང་མ་རྒྱལ་མཛོད་དུ་སྤྲོད་དགོས།

དོན་ཚན་གྱ་གསུམ་པ། འགྲིམ་འགྲུལ་ཉེན་རྟོག་པས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་དང་འགྲིམ་འགྲུལ་ཆག་སྒོ་བརྟག་དཔྱད་བྱས་ཏེ་ཐག་གཅོད་དགོས་ལ། གཤམ་གྱི་གནས་ཚུལ་འདི་དག་ལྡན་ན་ཟུར་བྱོལ་བྱེད་དགོས་ཏེ།

(གཅིག) གྱོད་གཞི་འདིའི་དོ་བདག་པ་དང་ཡང་ན་དོ་བདག་པའི་གཉེན་ཉེ།

(གཉིས) རང་ཉིད་དང་ཡང་ན་དེའི་གཉེན་ཉེ་གྱོད་གཞི་འདི་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་པ་ཅན།

(གསུམ) གྱོད་གཞི་འདིའི་དོ་བདག་པ་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་པ་ཅན་དང༌། གྱོད་གཞི་ལ་ངན་རྐྱེན་ཐེབས་པ་དྲང་བདེན་གྱིས་ཐག་གཅོད་པ།

རྩོམ་སྒྲིག་པ་དང་སྙན་སྒྲོན་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།