ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་ཉི་ཤུ་པ།
2024.10.20 ཁུངས། ཀློག་གྲངས། 5

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ལེའུ་བདུན་པ། ཁྲིམས་ལུགས་ཀྱི་འགན་འཁྲི།

དོན་ཚན་གྱ་བདུན་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་དོན་དངོས་དང་ཁྲིམས་ལུགས་འདིའི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་སྟེ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་དགོས་ལ། གནས་ཚུལ་ཡང་མོ་ཡིན་པ་དང་བགྲོད་ལམ་ཤར་གཏོང་ལ་ཤུགས་རྐྱེན་ཐེབས་སུ་མ་བཅུག་པར་ངག་ཐོག་ནས་ཐ་ཚིག་སྒྲོག་རྗེས་འགྲོ་རུ་འཇུག་དགོས།

དོན་ཚན་གྱ་བརྒྱད་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་གཅོད་ཀྱི་རིགས་ལ་ཐ་ཚིག་སྒྲོག་པ་དང་ཆད་དངུལ་གཅོད་པ། གནས་སྐབས་ཀྱིས་བཀག་ཉར་དང་ཡང་ན་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་རྩིས་མེད་དུ་གཏོང་བ་དང་བཀག་ཉར་བཅས་ཡོད།

དོན་ཚན་གྱ་དགུ་པ། ལམ་འགྲོ་བ་དང་རླངས་འཁོར་ལ་ཞུགས་མཁན། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་འགྲིམ་འགྲུལ་ཤར་གཏོང་ཐད་ཀྱི་གཏན་ཁེལ་དང་འགལ་ན། ཐ་ཚིག་སྒྲོག་པ་དང་ཡང་ན་སྒོར5ཡན་དང50མན་གྱི་ཆད་དངུལ་གཅོད་དགོས། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བས་དངུལ་ཆད་དང་ལེན་མི་བྱེད་ན་དེའི་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་བཀག་ཉར་བྱེད་དགོས།

དོན་ཚན་དགུ་བཅུ་པ། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞུང་ལམ་ཤར་གཏོང་ཐད་ཀྱི་གཏན་འཁེལ་དང་འགལ་ན། ཐ་ཚིག་སྒྲོག་པ་དང་ཡང་ན་སྒོར་20ཡན་དང་200མན་གྱི་ཆད་དངུལ་གཅོད་དགོས། ཁྲིམས་འདིར་གཏན་ཁེལ་གཞན་དག་ཡོད་ན་གཏན་ཁེལ་ལྟར་ཆད་གཅོད་བྱེད་དགོས།

དོན་ཚན་གོ་གཅིག་པ། ཆང་བཏུང་རྗེས་འཕྲུལ་སྒུལ་རླངས་འཁོར་བཏང་བ་ཡིན་ན། ཟླ་བ6ཡན་གྱི་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་གནས་སྐབས་བཀག་ཉར་བྱེད་དགོས་པ་མ་ཟད། ད་དུང་སྒོར1000ཡན་དང2000མན་གྱི་ཆད་དངུལ་གཅོད་དགོས། ཆང་འཐུང་རྗེས་འཕྲུལ་སྒུལ་རླངས་འཁོར་བཏང་ནས་ཉེས་པ་འཁེལ་བ་དང་། ཡང་བསྐྱར་ཆང་བཏུང་ནས་རླངས་འཁོར་བཏང་ན།  ཟླ་བ་10མན་བཀག་ཉར་ བྱེད་དགོས་པ་མ་ཟད། ད་དུང་སྒོར1000ཡན་དང2000མན་གྱི་ཆད་དངུལ་གཅོད་དགོས་ལ། འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་མེད་པ་བཟོ་དགོས།


རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།