ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
ལེའུ་བདུན་པ། ཁྲིམས་ལུགས་ཀྱི་འགན་འཁྲི།
དོན་ཚན་གོ་དགུ་པ། གཤམ་གྱི་བྱ་སྤྱོད་གཅིག་ལྡན་པ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒོར200ཡན་དང་2000མན་གྱི་ཆད་པ་གཅོད་དགོས།
(གཅིག) འཕྲུལ་སྒུལ་རླངས་འཁོར་གྱི་བཏང་ཆོག་པའི་ལག་འཁྱེར་བླངས་མེད་པ་དང་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་རྩིས་མེད་དུ་བཏང་བ་དང་ཡང་ན་གནས་སྐབས་བཀག་ཉར་བྱས་ཡོད་པའི་སྐབས་སུ་འཕྲུལ་སྒུལ་རླངས་འཁོར་གཏོང་མཁན།
(གཉིས) འཕྲུལ་སྒུལ་རླངས་འཁོར་གྱི་བཏང་ཆོག་པའི་ལག་འཁྱེར་བླངས་མེད་པ་དང་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་རྩིས་མེད་དུ་བཏང་བ་དང་བཀག་ཉར་བྱས་པའི་ཁ་ལོ་བར་རླངས་འཁོར་གཡར་བ།
(གསུམ) འགྲིམ་འགྲུལ་ཆག་སྒོ་བཟོས་རྗེས་བྲོས་བྱོལ་བྱས་རུང་ཉེས་ཚད་མི་ལོངས་པ།
(བཞི) འཕྲུལ་སྒུལ་རླངས་འཁོར་གཏན་ཁེལ་བྱས་པའི་མགྱོགས་ཚད་ལས་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བ་ཅན།
(ལྔ) འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འཕྲུལ་སྒུལ་རླངས་འཁོར་བདེ་འཇགས་ངང་བསྐོར་བའི་བླང་བྱ་དང་འགལ་ནས་འཕྲུལ་སྒུལ་རླངས་འཁོར་བཏང་ཞིང་འགྲིམ་འགྲུལ་ཆག་སྒོ་བཟོས་པ་དང་ཉེས་ཚད་མི་ལོངས་པ།
(དྲུག) འགྲིམ་འགྲུལ་དོ་དམ་ལམ་ལུགས་ཀྱི་གཏན་འཁེལ་དང་འགལ་ནས་བཙན་ཤེད་ཀྱིས་ཤར་བསྐྱོད་བྱས་ཏེ་བསླབ་བྱར་མི་ཉན་པ།
(བདུན) འགྲིམ་འགྲུལ་སྒྲིག་ཆས་རྐང་བཙུགས་ནས་གཏོར་བརླག་དང་སྤོ་སྣུར། སུབ་བཅོས་བརྒྱབ་སྟེ་གནོད་སྐྱོན་མཇུག་འབྲས་ཚབས་ཆེན་བཟོས་ཤིང་ཉེས་ཚད་མི་ལོངས་པ།
(བརྒྱད) ཁྲིམས་མིན་གྱིས་འཕྲུལ་སྒུལ་རླངས་འཁོར་བཀག་འགོག་དང་བཀག་ཉར་བྱས་ཏེ་བསླབ་བྱར་མི་ཉན་པར་འགྲིམ་འགྲུལ་བཀག་འགོག་ཚབས་ཆེན་བཟོས་པ་དང་ཡང་ན་ཅུང་ཆེ་བའི་ནོར་སྲིད་གྱོང་གུན་བཟོས་པར།
བྱ་སྤྱོད་མཁན་ལ་དོན་ཚན་སྔོན་མའི་ཚན་པ་གཉིས་པ་དང་བཞི་པའི་གནས་ཚུལ་གཅིག་ལྡན་ན། འཕྲུལ་སྒུལ་རླངས་འཁོར་བཏང་ཆོག་པའི་ལག་ཁྱེར་རྩིས་མེད་དུ་བཏང་ཆོག ཚན་པ་དང་པོ་དང་གསུམ་པ། ལྔ་པ། བརྒྱད་པ་བཅས་ཀྱིགནས་ཚུལ་གཅིག་ལྡན་ན་ཉིན15མན་བཀག་ཉར་བྱེད་ཆོག
དོན་ཚན་བརྒྱ་ཐམ་པ། ལྷུ་སྒྲིག་བྱས་པའི་འཕྲུལ་སྒུལ་རླངས་འཁོར་དང་ཡང་ན་བེད་མེད་ཟུར་འཇོག་གི་ཚད་གཞི་སྟེང་ཐོན་པའི་འཕྲུལ་སྒུལ་རླངས་འཁོར་བཏང་ནས་གཞུང་ལམ་སྟེང་བསྐྱོད་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རྩིས་ལེན་བྱེད་དགོས་ལ། བཙན་ཤེད་ཀྱིས་བེད་མེད་ཟུར་འཇོག་བྱེད་དགོས།
དོན་ཚན་སྔོན་མར་རེ་རེ་བཤད་པའི་འཕྲུལ་སྒུལ་རླངས་འཁོར་བཏང་ནས་གཞུང་ལམ་སྟེང་བསྐྱོད་པའི་ཁ་ལོ་བར་སྒོར་200ཡན་དང་2000མན་གྱི་ཆད་པ་གཅོད་དགོས་ལ། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་གཏོང་དགོས།
བེད་མེད་ཟུར་འཇོག་གི་ཚད་གཞིའི་སྟེང་ཐོན་པའི་འཕྲུལ་སྒུལ་རླངས་འཁོར་སྤུས་འཚོང་བྱས་པར་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་བྱེད་དགོས། ཕྱིར་འཚོང་བསྡོམས་གྲངས་ཀྱི་མཚུངས་གྲངས་ཆད་པ་གཅོད་དགོས་ལ་འཕྲུལ་སྒུལ་རླངས་འཁོར་དེ་དོན་ཚན་འདིའི་ཚན་ཆུང་དང་པོའི་གཏན་ཁེལ་ལྟར་ཐག་གཅོད་དགོས།
དོན་ཚན་བརྒྱ་དང་གཅིག གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་འགྲིམ་འགྲུལ་ཆག་སྒོ་ཚབས་ཆེན་བཟོས་ཏེ་ཉེས་ཚད་མི་ལོངས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས་ལ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་གཏོང་དགོས།
འགྲིམ་འགྲུལ་ཆག་སྒོ་བཟོས་རྗེས་བྲོས་བྱོལ་བྱས་པར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་གཏོང་དགོས་ལ། མི་ཚེ་གང་བོར་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག
རྩོམ་སྒྲིག་པ་དང་སྙན་སྒྲོན་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།