ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་ཉེར་བཞི་པ།
2024.11.20 ཁུངས། ཀློག་གྲངས། 4


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

འགྲིམ་འགྲུལ་ཆག་སྒོ་བཟོས་རྗེས་བྲོས་བྱོལ་བྱས་པར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་གཏོང་དགོས་ལ། མི་ཚེ་གང་བོར་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག  དོན་ཚན་བརྒྱ་དང་གཉིས། ཟླ་དྲུག་གི་ནང་དུ་ཚབས་ཆེ་བའི་འགྲིམ་འགྲུལ་ཆག་སྒོ་ཐེངས་གཉིས་ལ་བྱུང་སྟེ་འགན་ཁུར་བ་གཙོ་བོ་དང་ཡང་ན་འགན་ཁུར་ཡོད་ཚད་འཁུར་བའི་ཆེད་ལས་སྐྱེལ་འདྲེན་ལས་ཁུངས་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བདེ་འཇགས་མངོན་མེད་རྐྱེན་ངན་སེལ་བའི་བཀའ་ཕབ་དགོས། བདེ་འཇགས་མངོན་མེད་རྐྱེན་ངན་སེལ་མེད་པའི་འཕྲུལ་སྒུལ་རླངས་འཁོར་གཞུང་ལམ་སྟེང་བསྐྱོད་པར་བཀག་འགོག་བྱེད་དགོས།

དོན་ཚན་བརྒྱ་དང་གསུམ། རྒྱལ་ཁབ་ཀྱི་འཕྲུལ་སྒུལ་རླངས་འཁོར་གྱི་ཐོན་རྫས་གཙོ་གཉེར་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལག་རྩལ་ཚད་གཞི་ལྟར་གཟབ་ནན་གྱིས་ཞིབ་བཤེར་མ་བྱས་པ་དང༌། ཆོག་མཆན་ཚད་ལྡན་མིན་པའི་འཕྲུལ་སྒུལ་རླངས་འཁོར་དབྱིབས་ཅན་གྱི་ཐོན་སྐྱེད་དུ་ཞུགས་པར། འགན་འཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་གྱི་འགན་ཁུར་མི་སྣར་གོ་གནས་ཕབ་པ་དང་ཡང་ན་ལས་འགན་ཕྱིར་འཐེན་བྱེད་པའི་སྲིད་འཛིན་ཆད་པ་གཅོད་དགོས།

འཕྲུལ་སྒུལ་རླངས་འཁོར་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འཕྲུལ་སྒུལ་རླངས་འཁོར་ཐོན་རྫས་ཀྱི་གཙོ་གཉེར་སྡེ་ཁག་གིས་ཐོན་སྐྱེད་ཆོག་མཆན་བཀོད་པའི་འཕྲུལ་སྒུལ་རླངས་འཁོར་དབྱིབས་ཅན་གྱིས། འཕྲུལ་སྒུལ་རླངས་འཁོར་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལག་རྩལ་ཚད་གཞི་དང་ལག་བསྟར་མི་བྱེད་པ་དང་ཡང་ན་འཕྲུལ་སྒུལ་རླངས་འཁོར་གྱི་གྲུབ་རྫས་སྤུས་ཚད་ལ་ཞིབ་བཤེར་གཟབ་ནན་མི་བྱེད་པར་སྤུས་ཚད་ཚད་མཐུན་མིན་པའི་འཕྲུལ་སྒུལ་རླངས་འཁོར་གྱི་བཟོ་གྲྭ་རུ་ཕྱིར་འཚོང་བྱེད་དུ་བཅུག་པར། སྤུས་ཚད་ལག་རྩལ་ལྟ་སྐུལ་སྡེ་ཁག་གིས《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤུས་ཚད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།

གང་འདོད་དུ་རྒྱལ་ཁབ་ཀྱི་འཕྲུལ་སྒུལ་རླངས་འཁོར་ཐོན་རྫས་ཀྱི་གཙོ་གཉེར་སྡེ་ཁག་གིས་ཐོན་སྐྱེད་ཆོག་མཆན་བཀོད་མེད་པར་འཕྲུལ་སྒུལ་རླངས་འཁོར་དབྱིབས་ཅན་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པར། ཁྲིམས་མིན་གྱིས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་གྲུབ་རྫས་དང་ལྷུ་ལག་གཞུང་བཞེས་བྱེད་དགོས། ཁྲིམས་མིན་ཐོན་རྫས་ཀྱི་རིན་གོང་གི་ལྡབ་ལྔ་མན་གྱི་ཆད་པ་གཅོད་དགོས། ལས་གཉེར་ལག་འཁྱེར་ཡོད་པར་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ལས་གཉེར་ལག་འཁྱེར་རྩིས་མེད་དུ་གཏོང་དགོས། ལས་གཉེར་ལག་འཁྱེར་མེད་པར་རྒྱ་ཐེལ་མནོན་དགོས།

ལྷུ་སྒྲིག་བྱས་པའི་འཕྲུལ་སྒུལ་རླངས་འཁོར་དང་ཡང་ན་རང་འདོད་ཀྱིས་ལྷུ་སྒྲིག་བྱས་པའི་འཕྲུལ་སྒུལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱས་ན། སྲོལ་ཡིག་འདིའི་དོན་ཚན་གསུམ་པའི་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།

སྲོལ་ཡིག་འདིའི་དོན་ཚན་དང་པོ་དང་གསུམ་པ། བཞི་པ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་མི་མཐུན་པའི་འཕྲུལ་སྒུལ་རླངས་འཁོར་ཐོན་སྐྱེད་དང་ཡང་ན་ཕྱིར་འཚོང་བྱས་ཚེ་ཉེས་ཚད་ལོངས་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་བཞི། ཆོག་མཆན་བརྒྱུད་མེད་པར་གང་འདོད་དུ་བགྲོད་ལམ་བརྐོ་སློག་དང་བདག་བཟུང་བྱེད་པའི་ཨར་ལས་དང་ཡང་ན་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བྱ་འགུལ་ལ་ཤུགས་རྐྱེན་བཏང་བ་ཡིན་ན། གཞུང་ལམ་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་པའི་བཀའ་ཕབ་པ་དང་སྔར་གྱི་རྣམ་པ་སླར་གསོ་བྱེད་དགོས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས། མི་སྣ་དང་རླངས་འཁོར། གཞན་རྒྱུ་ནོར་ལ་གྱོང་གུན་ཐེབས་སུ་བཅུག་པར་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་ཁུར་དགོས།

གོང་གི་དོན་ཚན་གྱི་བྱ་སྤྱོད་ལྡན་པ་དང་བགྲོད་ལམ་བདེ་འཇགས་ཀྱི་བྱ་འགུལ་ལ་ཤུགས་རྐྱེན་ཐེབས་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་བཞག་སྟེ་འགྲིམ་འགྲུལ་སླར་གསོ་བྱེད་པའི་བཀའ་ཕབ་དགོས།

དོན་ཚན་བརྒྱ་དང་ལྔ། གཞུང་ལམ་བཟོ་བཞིན་པ་དང་ཡང་ན་གཞུང་ལམ་གཏོར་བརླག་བྱུང་ཞིང༌། འཕྲལ་དུ་ཉེན་བརྡ་མཚོན་རྟགས་བཙུགས་མེད་པ་དང་འགོག་སྲུང་བྱེད་ཐབས་སྤྱད་མེད་པ། ཡང་ན་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ཐིག་རྟགས་འཛུགས་དགོས་སར་མ་བཙུགས་པའམ་ཡང་ན་དུས་ཐོག་ཏུ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ཐིག་རྟགས་འཛུགས་དགོས་སར་མ་བཙུགས་པ་དང་ཡང་ན་དུས་ཐོག་ཏུ་མ་བརྗེ་བར། མི་སྣ་དང་རླངས་འཁོར། གཞན་རྒྱུ་ནོར་ལ་གྱོང་གུན་ཐེབས་སུ་བཅུག་པར་འབྲེལ་ཡོད་འགན་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།

དོན་ཚན་བརྒྱ་དང་དྲུག བགྲོད་ལམ་འགྲམ་གཉིས་དང་འགོག་སྲུང་ཁུལ་གྱི་སྡོང་འཛུགས་ནགས་བསྐྲུན་དང་རྩི་ཤིང་གཞན་པ་དང་ཡང་ན་བརྡ་ཁྱབ་བྱང་བུ་དང་སྦུག་ལམ་བཙུགས་པ་སོགས་དང༌། གློག་སྒྲོན་དང་འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན། འགྲིམ་འགྲུལ་མཚོན་རྟགས་སྒྲིབ་པ་དང༌། བདེ་འཇགས་མིག་ཐག་དང་བར་ཆད་རིང་དུ་བཏང་བ་ཡིན་ན།   སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བྱ་སྤྱོད་མཁན་ལ་བཀག་འགོག་སེལ་བའི་བཀའ་ཕབ་དགོས། ལག་བསྟར་མི་བྱེད་པར་སྒོར200ཡན་དང་2000མན་གྱི་ཆད་པ་གཅོད་དགོས་ལ་བཙན་ཤེད་ཀྱིས་བཀག་འགོག་སེལ་དགོས། དེའི་འགྲོ་གྲོན་དེ་བྱ་སྤྱོད་མཁན་གྱིས་འགན་འཁུར་དགོས།

དོན་ཚན་བརྒྱ་དང་བདུན། གཞུང་ལམ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་མཁན་ལ་ཐ་ཚིག་སྒྲོག་པ་དང་སྒོར་200མན་གྱི་ཆད་པ་གཅོད་དགོས། འགྲིམ་འགྲུལ་ཉེན་རྟོག་པས་གནས་དེ་རུ་སྲིད་འཛིན་ཆད་གཅོད་གཏན་ཁེལ་བྱེད་ཆོག་ལ། སྲིད་འཛིན་ཆད་གཅོད་ཀྱི་ཐག་གཅོད་ཡི་གེ་སྟོན་དགོས།

སྲིད་འཛིན་ཆད་གཅོད་ཀྱི་ཐག་གཅོད་ཡི་གེ་དེ་དོ་བདག་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་དོན་དངོས་དང་སྲིད་འཛིན་ཆད་གཅོད་ཀྱི་ཁུངས་ལུང༌། ཆད་གཅོད་ཀྱི་ནང་དོན། དུས་ཚོད། ས་གནས་དེ་མིན་ཆད་གཅོད་ལས་ཁུངས་ཀྱི་མིང་གསལ་བོར་འགོད་དགོས་ལ། ཁྲིམས་འཛིན་མི་སྣའི་མིང་རྟགས་དང་ཡང་ན་ཐམ་ཀ་རྒྱག་དགོས།

དོན་ཚན་བརྒྱ་དང་བརྒྱད། དོ་བདག་པས་སྲིད་འཛིན་ཆད་གཅོད་ཀྱི་ཡི་གེ་ལག་ཏུ་འབྱོར་བའི་ཉིན་བཅོ་ལྔའི་ནང་གཏན་ཁེལ་གྱི་དངུལ་ཁང་ནང་དུ་སོང་སྟེ་ཆད་དངུལ་སྤྲོད་དགོས།

ལམ་འགྲོ་བ་དང་རླངས་འཁོར་ལ་སྡོད་མཁན། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བའི་ཆད་དངུལ་ལ་དོ་བདག་པས་བསམ་འཆར་མེད་ན་གནས་དེ་རུ་ཆད་དངུལ་རྩིས་ལེན་བྱེད་ཆོག

ཆད་དངུལ་དེ་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་གྱི་ནོར་སྲིད་སྡེ་ཁག་གིས་གཅིག་གྱུར་གྱིས་གསར་བཟོ་བྱས་པའི་ཆད་དངུལ་འཕྲོད་འཛིན་ཡིན་དགོས། གལ་སྲིད་ནོར་སྲིད་སྡེ་ཁག་གིས་གཅིག་གྱུར་གྱིས་གསར་བཟོ་བྱས་པའི་ཆད་དངུལ་འཕྲོད་འཛིན་མིན་ན། དོ་བདག་པར་ཆད་དངུལ་མི་སྤྲོད་པའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་དགུ།  དོ་བདག་པས་དུས་འགྱངས་བྱས་ནས་སྲིད་འཛིན་ཆད་གཅོད་ཀྱི་གཏན་ཁེལ་ལག་བསྟར་མི་བྱེད་པར་སྲིད་འཛིན་ཆད་གཅོད་གཏན་ཁེལ་བྱེད་པའི་སྲིད་འཛིན་ལས་ཁུངས་ཀྱིས་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་ཆོག་སྟེ།

(གཅིག)དུས་ལྟར་ཆད་དངུལ་མི་སྤྲོད་པར། ཉིན་རེར་ཆད་དངུལ་གྱི་གྲངས་ཀ་ལྟར་བརྒྱ་ཆའི་གསུམ་གྱི་ཆད་དངུལ་ཁ་སྣོན་དགོས།

(གཉིས)མི་དམངས་ཁྲིམས་ཁང་གིས་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རེ་ཞུ་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་ཐམ་པ། ལས་འགན་ལག་བསྟར་བྱེད་པའི་འགྲིམ་འགྲུལ་ཉེན་རྟོག་པས་གཞུང་ལམ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཅན་ལ་འཕྲུལ་སྒུལ་རླངས་འཁོར་བཏང་ཆོག་པའི་ལག་ཁྱེར་གནས་སྐབས་ཀྱི་བཀག་ཉར་དང་ཡང་ན་རྩིས་མེད་དུ་གཏོང་བར། འཕྲུལ་སྒུལ་རླངས་འཁོར་བཏང་ཆོག་པའི་ལག་ཁྱེར་བཀག་ཉར་བྱེད་དགོས། ཆུ་ཚོད་ཉེར་བཞིའི་ནང་དུ་གྱོད་གཞི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་བྱེད་དགོས།

གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་མི་སྣའི་ཉིན15ནང་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དུ་སོང་ནས་ཐག་གཅོད་ཁས་ལེན་བྱེད་དགོས་ལ། ལུགས་དང་མི་མཐུན་པ་དང་དུས་ཚོད་བརྒལ་ཡང་ཐག་གཅོད་མ་བྱས་པ་ལ་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་རྩིས་མེད་གཏོང་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་གནས་སྐབས་ཕྱིར་འཐེན་པ་དང་བསྡུ་ལེན་བྱེད་དགོས་ལ། སྲིད་དོན་གྱིས་ཆད་པ་གཅོད་དགོས་པའི་དཔང་རྟགས་འདོན་རྒྱུ་ཐག་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་གཅིག་པ། གྱོད་དོན་འདིའི་ཐག་བཅད་པར་འགལ་བ་ལ་ཁྲིམས་ལྟར་བཀག་ཉར་བྱེད་པ་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ་དང༌། རྫོང་དང༌། གྲོང་ཁྱེར་གྱི་སྤྱི་བདེ་ཅུས། སྤྱི་བདེ་ཡན་ལག་ཅུས་དང་ཡང་ན་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་གཉིས་པ།  སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་བཀག་ཉར་བྱེད་པ་དང༌། རླངས་འཁོར་མིན་པ་ལ་ས་དེ་ནས་དངོས་དཔང་འདོན་རྒྱུ་མ་ཟད། དོ་བདག་པར་ཐག་གཅོད་བྱས་པའི་དུས་ཚོད་ནང་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐག་གཅོད་དང་ལེན་བྱེད་དགོས།

རྩོམ་སྒྲིག་པ་དང་སྙན་སྒྲོན་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།