འོད་ནུས་གློག་གི་ཐོན་ལས་ཀྱིས་ས་གནས་མང་ཚོགས་ལ་ཕན་ཁེ་བསྐྲུན།
2024.08.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

ཞོགས་པའི་ཉི་འོད་ཀྱི་འགྲོས་དང་བསྡོངས་ནས། ང་ཚོ་ཤེས་དཔལ་གྱི་ལམ། བདེ་སྐྱིད་ཀྱི་གཏམ་ཞེས་པའི་བཅར་འདྲིའི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཏུལ་ཐང་དུ་བསྐྱོད་པ་ཡིན། བཏུལ་ཐང་གི་བརྒྱ་ཆའི་གོ་བརྒྱད་ནི་མྱ་ངམ་ཐང་ཡིན། གནས་དེ་རུ་བྱེ་རྡུལ་དང་རླུང་གཡུག་དྲག་པའི་རྐྱེན་གྱིས་དེ་སྔོན་གནས་དེ་རུ་སྡོད་པའི་སྡོད་དམངས་རྣམས་སྔ་རྗེས་སུ་གནས་དེ་དང་ཁ་བྲལ་ནས་གནས་དེ་མི་མེད་ལུང་སྟོང་དུ་གྱུར།

རང་བྱུང་ཁོར་ཡུག་དེ་འདྲ་སྡུག་པོ་ཡིན་ཡང་བཏུལ་ཐང་དུ་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་འཛུགས་པར་ཤིན་ཏུ་འཚམ། དེ་བས། 2012ལོར་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཆེན་པོ་ཞིག་བཙུགས་པ་དང་། ལོ་ངོ་བཅུ་ཕྲག་རིང་འབད་བརྩོན་བྱས་པ་བརྒྱུད། གནས་དེའི་ཉི་འོད་ནུས་པའི་གློག་ཤུགས་ཀྱི་གཞི་ཁྱོན་སྔར་ལས་ཇེ་ཆེར་གྱུར་པ་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཐད་དུ་ཡང་གྲུབ་འབྲས་ཆེན་པོ་ཐོབ། དཔེར་ན་ཉི་ནུས་ཤེལ་ལེབ་འོག་གི་རྩྭ་ཡི་སྐྱེ་སྟོབས་བཟང་བའི་དབང་གིས་མཐའ་འཁོར་གྱི་སྡེ་བ་བཅུ་ཙམ་གྱི་ལུག་ཉི་འོད་ནུས་པའི་རྟེན་གཞི་རུ་འཚོ་བཞིན་ཡོད་ལ། གནས་དེ་རུ་ལུག་འཚོ་སྐྱོང་བྱས་ན་ཉེ་འཁོར་གྱི་སྡེ་བ་མང་པོར་ཡང་ཕན་ཁེ་མི་དམན་པ་ཞིག་ཐོན་བཞིན་ཡོད། དེའི་ཐད་ནས་ཐེ་གེ་ཡུལ་ཚོ་མཱ་ཧན་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐར་མ་རིན་ཆེན་གྱིས་བཤད་རྒྱུར།

སྲིད་གཞུང་དང་ཞིང་ཕྱུགས་ཅུའུ་ཡིས་ཐག་གིས་བཅད་པ་བརྒྱུད། མཉམ་ལས་ཁང་གི་ལུག་དང་མང་ཚོགས་ཀྱི་ལུག་ཉི་ནུས་ཤེལ་ལེབ་ར་བའི་ནང་དེད་ནས་རྩྭ་ས་རུ་བཅུག་པ་རེད། དེ་བས་མང་ཚོགས་ཀྱི་འགྲོ་སོང་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་ཕན་པ་བསྐྲུན། 2020ལོར་བཙུགས་ནས་བཟུང་ད་བར་དུ་ལོ་བཞི་ཙམ་ལ་འདི་ནས་ལུག་འཚོས་པ་ཡིན། ང་ཚོའི་སྡེ་བར་མཚོན་ན་ལོ་གཅིག་ནང་སྒོར་ཁྲི་བདུན་ཙམ་གྱི་ཡོང་སྒོ་ཡོད། གལ་ཏེ་རང་གི་ས་ནས་འཚོ་དགོས་ན་འགྲོ་སོང་ཕན་ཆད་ནས་ལོ་གཅིག་ལ་སྒོར་ཁྲི་གཉིས་གསུམ་ཙམ་ཡང་བཙལ་དཀའ་བས། འདི་ནས་ཕྱུགས་འཚོས་ན་ཕྱུགས་འཚོ་སྐྱོང་ཐད་ཀྱི་འགྲོ་སོང་མང་པོ་ཞིག་ཇེ་ཉུང་དུ་གཏོང་བར་ཕན་ཆེན་པོ་ཡོད།

དབུལ་ཐར་མཁྲེགས་གཏོར་གྱི་ལས་གཞི་བརྒྱུད་ནས་ཧྭ་ནན་ཀུང་སི་དང་མཉམ་འབྲེལ་སྦྲེལ་མཐུད་བྱས་རྗེས། ཉི་འོད་ནུས་པའི་རྟེན་གཞིས་རིན་མེད་སྒོས་རྩྭ་ར་འདོན་སྤྲོད་བྱས་པས། ད་ལྟ་ལུག་འདི་དག་ཚོང་རྟགས་གྲགས་ཅན་དུ་གྱུར་ནས་རིན་ཐང་ཇེ་མཐོར་སོང་བ་དང་། ཤེལ་ལེབ་ར་བའི་ལུག་གི་གྲངས་ཀ་ཡང་དེ་སྔོན་གྱི་བརྒྱ་ཕྲག་འགའ་ནས་ད་ལྟའི་སྟོང་ཕྲག་འགར་འཕར་ཡོད།

ཉི་འོད་ནུས་པའི་ཤེལ་ལེབ་འོག་ཏུ་ལུག་འཚོ་སྐྱོང་བྱས་ནས་ཟོང་རྟགས་བསྐྲུན་ཏེ། ད་ལྟའི་བར་ལྷད་མེད་ཐོན་རྫས་ཀྱི་འཕེལ་ཕྱོགས་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་པ་ལེགས་འགྲུབ་བྱུང་ཞིང་། ཉི་འོད་ནུས་པའི་ཤེལ་ལེབ་ར་བ་ནས་རྩྭ་ཟོས་ནས་ཕྱིར་འཚོང་བྱས་པའི་ལུག་ཤ་དེ་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

  ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།