ཡུལ་སྐོར་དང་སྐྱེ་ཁམས་ཟུང་སྦྲེལ་གྱིས་ཕྱུག་འགྱུར་ཐབས་ལམ་བསྐྲུན།
2024.08.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

ཚ་རྔ་འགག་ཆུ་མཛོད་ཁུལ་གྱིས་ཡུལ་སྐོར་དང་སྐྱེ་ཁམས་ཟུང་སྦྲེལ་གྱི་བྱེད་ཐབས་སྤྱད་དེ།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་བསྐྲུན་པར་རོགས་ཤུགས་བཏོན་ནས། ས་གནས་རང་གི་མང་ཚོགས་ལ་ཁེ་ཕན་བསྐྲུན།

ཚ་རྔ་འགག་ཆུ་མཛོད་ཁུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་གྱི་ལྷོ་ནུབ་མཚམས་སུ་ཡོད་ལ། སྔོ་ལྟེམ་མེར་འཁྱིལ་བའི་རྨ་ཆུ་དང་ཐང་དཀར་རྒོད་པོ་མ་གཏོགས་འཕུར་དཀའ་བའི་གྲོག་རོང་། ཤ་བ་དགོ་བ་མ་གཏོགས་རྒྱུ་དཀའ་བའི་གཡང་གཟར། གནའ་སོགས་རི་སྐྱེས་སྲོག་ཆགས་དང་རྩྭ་སྣ་ཤིང་སྣ་མོད་པོ། གྲོང་རྡལ་བཅས་ཡུག་གཅིག་ཏུ་སབྲེལ་ཡོད། གནས་འདིའི་ཐུན་མོང་མ་ཡིན་པའི་རང་བྱུང་གི་བཀོད་པ་གཞིར་བྱས་ཏེ། གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་གྱིས་ཡུལ་སྐོར་ཐོན་ལས་གོང་དུ་སྤེལ་བའི་ཐད་འབད་འབུངས་ཆེན་པོ་བྱེད་བཞིན་ཡོད། ཚ་རྔ་འགག་གྲོང་རྡལ་གྱི་ལས་བྱེད་པ་པདྨ་རྒྱ་མཚོས་བཤད་རྒྱུར།

ཚ་རྔ་འགག་གྲོང་རྡལ་གྱིས་གཙོ་བོར་ཁྱད་དུ་འཕགས་པའི་རང་བྱུང་གི་བཀོད་པར་བརྟེན་ནས། ཡུལ་སྐོར་པ་མང་པོ་ནང་འགུག་བྱས་པར་གཞི་བཅོལ་ཏེ། མཐའ་འཁོར་མང་ཚོགས་ཀྱིས་ཡུལ་སྐོར་པ་སྣེ་ལེན་བྱེད་སའི་མགྲོན་ཁང་དང་ཟ་ཁང་། ཁམས་གཡེང་སྤྲོ་གསེང་ར་བ་སོགས་གཉེར་ནས། མང་ཚོགས་རྣམས་ལ་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་འདོན་སྤྲོད་བྱས་ཡོད།

གནས་འདིའི་སྣོད་བཅུད་ཀྱི་བཀོད་པས་བལྟས་ན་མིག་གི་དབང་བོ་ཅིག་ཅར་འཕྲོག་ཅིང་མྱངས་ན་ཡིད་ཀྱི་དགའ་བ་ལྷང་ངེར་འདྲེན་ཐུབ་པར་མ་ཟད། ད་དུང་མཚོ་བོད་མཐོ་སྒང་ལ་གདོད་ནས་མངའ་བའི་སྣེ་མང་འགྱུར་ལྡོག་རྒོད་པའི་གནམ་གཤིས་དང་མ་བཅོས་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་གིས། ལན་རེར་སྤྲིན་གྱི་གླིང་བོ་དག་ཆུ་ཁར་གཡེང་སྙམ་བྱེད་ཅིང་ཡང་ལན་རེར་བྱ་རྒོད་ཀྱི་གཤོག་རླབས་ཀྱིས་ཆུ་ཆེན་གྱི་རབ་ཁ་དར་ཅིག་གཅོད་སྙམ་བྱེད་པ། ཡང་ལན་རེར་ཉ་མོའི་འཁྱུག་རྩལ་གྱིས་མཚེའུ་ལྷིང་འཇགས་དཀྲོགས་སྙམ་བྱེད་པ། ཡང་ལན་རེར་སྤྲིན་པའི་སྒོ་མོ་རྒྱག་སྙམ་བྱེད་པ། ཡང་ལན་རེར་གྲོག་རོང་གི་རྩེ་མོ་སྨུག་སྤྲིན་གྱིས་གཡོགས་སྙམ་བྱེད་པ། ཡང་ལན་རེར་མཚེའུ་འདི་ཉིད་ནམ་མཁའི་དབྱིངས་ཀྱི་ཆོས་མཐའ་དག་གི་རང་ཞལ་རྗེན་པར་སྟོན་སའི་མེ་ལོང་ཞིག་ཏུ་གྲུབ་པ་སོགས།“བརྙན་རིས་ལས་ལྷག་པའི་བརྙན་རིས་དང་ཡུལ་ལྗོངས་ལས་ལྷག་པའི་ཡུལ་ལྗོངས”ཞེས་པའི་སྙན་པའི་གྲགས་པ་རིང་དུ་རྒྱས་ཡོད་སྟབས། ཁེ་ལས་རེ་འགའ་ཡང་ཚ་རྔ་འགག་གི་ཡུལ་སྐོར་ལས་རིགས་ཁྲོད་ཞུགས་ཏེ། གནས་འདིའི་མཛེས་ཉམས་ཕྱོགས་སོ་སོར་བསྒྲགས་ཏེ་ལྗོངས་རྒྱུ་པ་རྣམས་གནས་འདིར་འགུག་བཞིན་ཡོད། མཚོ་སྔོན་ཚ་རྔ་འགག་དབྱི་ཡོན་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་པ་ཁྲིན་པའོ་མིན་གྱིས་བཤད་རྒྱུར།

ཚ་རྔ་འགག་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཚོད་ལྟའི་རྟེན་གཞི་དང་རྒྱལ་ཁབ་ཀྱི་ལུས་རྩལ་ཡུལ་སྐོར་གྱི་ཚོད་ལྟའི་རྟེན་གཞི་ཡིན་ལ། ཡུལ་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས། 2023ལོ་ནས་སྐྱེ་ཁམས་ཡུལ་སྐོར་གྱི་འཆར་གཞི་བཀོད་པ་ཡིན། ད་བར་དུ་གདོད་མའི་རང་བཞིན་གྱི་ས་གཤིས་དང་ས་དབྱིབས། གདོད་མའི་རང་བཞིན་གྱི་མཛེས་ལྗོངས་ཀྱི་རྣམ་པ་སོར་འཇོག་བྱས་པ་དེ་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ལོ་རེར་ཡུལ་སྐོར་མགྲོན་པོ་འབུམ་གཉིས་ལྷག་སྣེ་ལེན་བྱེད་ཀྱིན་ཡོད་ལ། ལོ་གཅིག་གི་ནང་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཉིས་བཙལ་ཐུབ།

ཚ་རྔ་འགག་ཏུ་ཡུལ་ལྗོངས་ལྟ་ཞིབ་སྟེགས་བུ་དང་རྨ་ཆུའི་གླིང་། ལྗོངས་རྒྱུའི་གྲུ་ཁ། ཆུ་གློག་བཟོ་ལས་ཀྱི་གནའ་ཤུལ། གཡུ་ཡི་མདངས་འཛིན་པའི་རྨ་ཆུ། རི་ཚོགས་བཅས་ནི་ཨ་འགྲིག་ཆ་འགྲིག་དང་རིམ་ངོས་གསལ་པོ་ཡིན་པའི་དབང་གིས། མི་དང་ཆུ། གྲོང་རྡལ། ཡུལ་ལྗོངས་བཅས་ཕན་ཚུན་གཅིག་ཕན་གཅིག་གྲོགས་སུ་སོང་ཡོད། སྤྱི་གླིང་གིས་རྨ་ཆུའི་ཆུ་བེད་རིག་གནས་བརྗོད་བྱ་གཙོ་བོར་བྱས་ནས། ཚ་རྔ་འགག་གློག་འདོན་ས་ཚིགས་འཛུགས་སྐྲུན་གྱི་རྗེས་ཤུལ་སོར་འཇོག་བྱས་ཡོད་པའི་དུས་མཚུངས་སུ། དེང་རབས་འཛུགས་སྐྲུན་སྒྱུ་རྩལ་གྱི་གཞི་རྒྱུ་དང་ཡུལ་སྐོར་རོལ་རྩེད་ཁང་གི་སྒྲིག་ཆས་ཐབས་མཁས་ངང་བསྣན་ཡོད། ཡུལ་སྐོར་གྱི་ལས་རིགས་གོང་དུ་སྤེལ་བ་དང་བསྟུན་ནས། ས་གནས་དེའི་མང་ཚོགས་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས་པ་དང་། མང་ཚོགས་ཀྱིས་ཡོང་སྒོ་འཚོལ་བར་སྟབས་བདེ་བསྐྲུན་ཡོད། ཁྲི་ཀ་རྫོང་ལ་སེ་བ་གྲོང་རྡལ་ཆུ་ནག་སྡེ་བའི་སྡེ་མི་དངོས་གྲུབ་ཀྱིས་བཤད་རྒྱུར།

ངས་ཡུལ་སྐོར་ལྗོངས་ཁུལ་འདིའི་གྲུ་ཐོག་ན་བྱ་བ་ལས་ཀྱིན་ཡོད། གཙོ་བོ་ཡིན་ན་གྲུ་ཞིག་གསོ་སོགས་གྲུ་ཐོག་གི་ལས་ཀ་ཙག་ཙིག་ལས་རྒྱུ་དེ་ཡིན། འདི་ནས་བྱ་བ་ལས་ན་རང་ཁྱིམ་དང་ཐག་ཉེ་བས་ཁྱིམ་ལ་རོགས་བྱེད་ཐུབ་པ་མ་ཟད། ཡོང་སྒོ་ཡང་མོད་པོ་ཞིག་བཙལ་ཐུབ།

མིག་སྔར། ས་གནས་འདིའི་ཡུལ་སྐོར་ལས་རིགས་དར་རྒྱས་ཆེན་པོ་ཕྱིན་པའི་འགྲོས་དང་བསྟུན་ནས། ཚ་རྔ་འགག་འདི་ཉིད་ད་ཆ་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ས་ཁུལ་དུ་གྱུར་ཡོད་པར་མ་ཟད། “ཀྲུང་གོའི་ཁི་ལའོ་ལཱ་ཏའོ”ཞེས་པའི་འགག་འཕྲང་ཆེན་པོའི་མཚན་གྱི་ཅོད་པན་བཞེས་ཏེ་སྐད་གྲགས་ཕྱོགས་སུ་རྒྱས་ཡོད།


གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

  ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།