རྒུ་རུ་ཡུལ་ཚོས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་འབད་པས་བསྒྲུབས།
2024.08.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས། མི་རིགས་མཐུན་སྒྲིལ་ལས་དོན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཏེར་ལམ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མི་རིགས་སོ་སོའི་མང་ཚོགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་རྣམ་པ་བཟང་པོ་ཞིག་གྲུབ་པར་སྐུལ་འདེད་ནུས་ལྡན་བཏང་། རྒུ་རུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསོད་ཁོས་བཤད་རྒྱུར།

རྒུ་རུ་ཡུལ་ཚོར་མཚོན་ན། འབྲོག་སྡེ་རྐྱང་བ་ཡིན་པས་ཞིང་ལས་ས་ཆར་གཞིས་ཆགས་དགོས་ན། ཞིང་འདེབས་པའི་སྐོར་ནས་དཀའ་ཁག་ཆེན་པོར་འཕྲད་སྲིད། དེའི་རྐྱེན། འདིའི་ཉེ་འཁོར་གྱི་སྡེ་བ་གཞན་པ་དང་། ལྷག་པར་དུ་མི་རིགས་གཞན་པའི་མིའི་བར་འབྲེལ་འདྲིས་བྱེད་དགོས། དཔེར་ན། ས་ཆ་འདིར་སོག་པོའི་སྡེ་བ་དང་། ཤངས་སྡེ་ཡུལ་ཚོའི་རྒྱའི་སྡེ་བ་སོགས་ཡོད་པས། ས་གནས་མང་ཚོགས་ཀྱིས་མི་རིགས་འདི་དག་བར་གྲོགས་པོ་བསྒྲིགས་ཤིང་། གཉེན་འབྲེལ་བཟུང་སྟེ་རང་རང་གི་ཐོན་སྐྱེད་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད་ཧུར་བརྩོན་བྱས་པ་ཡིན། དེ་བས་ད་བར་གྱི་རྒུ་རུ་ཡུལ་ཚོའི་མང་ཚོགས་ཀྱི་འཚོ་བ་དང་། སློབ་གསོ། འཕྲོད་བསྟེན་ལ་སོགས་ཕྱོགས་གང་ཅིའི་ཐད་ནས་གྲུབ་འབྲས་ཅུང་མངོན་གསལ་བླངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པར་མི་རིགས་གཅིག་ཀྱང་ཆད་མི་རུང”ཞེས་གསུངས་མྱོང་། མི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་གླུ་ལེན་གར་འཁྲབ་དང་འཚོ་བ་མཉམ་སྐྱེལ། ལས་ཀར་མཉམ་དུ་གཞོལ་བཞིན་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་སེ་འབྲུ་བཞིན་དུ་གོང་བུ་གཅིག་ཏུ་བསྒྲིལ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ནི་མི་རིགས་སོ་སོ་ཕན་ཚུན་མཐུན་སྒྲིལ་གཅིག་གྱུར་དང་མཉམ་དུ་འབད་འབུངས་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཤིག་ཡིན།

བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། མི་རིགས་འདུས་སྡོད་ས་ཁུལ་སོ་སོས་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག འདུས་སྡོད་དང་འཚོ་བ། ལས་ཀ་དང་སློབ་སྦྱོང་། རིག་གནས་དང་རོལ་རྩེད་སོགས་རྒྱུན་ལྡན་གྱི་ལྷུ་ཚིགས་ནས་འགོ་བརྩམས་ཏེ། མི་རིགས་སོ་སོའི་བར་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་པས། མི་རིགས་སོ་སོའི་མི་དམངས་རྣམས་གྲོང་ཁྱེར་ནས་གྲོང་གསེབ་བར་དང་། ས་ཁོངས་གཅིག་ནས་ས་ཁོངས་གཞན་པའི་བར་དུ་མཉམ་སྡོད་མཉམ་འདྲེས་ཀྱི་ཁྱབ་རྒྱ་མངོན་སུམ་གྱིས་ཇེ་ཆེར་ཕྱིན་པར་མ་ཟད། མི་རིགས་སོ་སོའི་བར་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་བསམ་པའི་འབྲེལ་ཐག་སྟོབས་ཆེན་ཞིག་ངང་གིས་གྲུབ་ཡོད། རྒུ་རུ་ཡུལ་ཚོ་གྲུ་བཞི་སྡེ་བའི་སྡེ་མི་གུ་རུ་ཚེ་བརྟན་གྱིས་བཤད་རྒྱུར།

ང་ཚོའི་སྡེ་བ་འདིའི་མིང་ལ་ཕྱུག་ལ་གསེར་ཐང་ཟེར། འདི་རྒུ་རུ་ཡུལ་ཚོའི་རུ་ཁག་དྲུག་དང་སྡེ་བ་གསུམ་གནས་སྤར་ཡོང་ནས་གཏན་སྡོད་དུ་གྲུབ་པ་ཞིག་ཡིན། བོད་རིགས་དང་རྒྱ་རིགས། སོག་རིགས། ཧོས་རིགས་སོགས་མི་རིགས་གང་མང་ཞིག་གནས་འདི་ན་གཞིས་ཆགས་ཡོད་པས། འདིའི་ཉེ་འཁོར་ན། རླངས་འཁོར་ཞིག་གསོ་ཁང་དང་རླངས་འཁོར་བཀྲུ་ས། ཟ་ཁང་སོགས་ཀྱང་ཡོད་པར་མ་ཟད། མི་རིགས་སོ་སོའི་བར་མཐུན་སྒྲིལ་དམ་པོ་ཞིག་ཆགས་ཐུབ་ཡོད། རང་ཁྱིམ་ཚང་དང་ཡང་ན་ང་ཚོའི་སྡེ་བའི་ནང་དུ་རྒྱ་རིགས་མག་པ་མང་པོ་ཡོད་ཅིང་། འདིའི་ཐད་ནས་བཤད་ན་ཁྱིམ་ཚང་འགྲིག་མཐུན་དང་ལས་ཀར་མཁས་པས་རང་གཞན་ཀུན་གྱིས་ཁས་ལེན་ཐོབ་ཡོད་པའི་གནས་ཚུལ་ཡོད།

དེང་སྐབས། མི་རིགས་སྣ་འདུས་ཡིན་པའི་རྒུ་རུ་ཡུལ་ཚོས་ཕྱར་བ་གྲུ་འདེགས་དང་དཀའ་སྡུག་མཉམ་སེལ་བྱས་ཏེ། མཐུན་སྒྲིལ་རོགས་རེས་དང་ཕན་ཚུན་བརྟེན་རེས་ཀྱི་བརྗིད་ཉམས་ཆེ་བའི་ལེའུ་བརྩམས་ནས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་དཔེ་མཚོན་དུ་གྱུར་ཡོད།

ད་ཆ“རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཕན་ཚུན་བར་ཁ་འབྲལ་ཐབས་མེད”ཅེས་པའི་འདུ་ཤེས་འདི་ཉིད་རྒུ་རུ་ཡུལ་ཚོའི་མི་རིགས་སོ་སོའི་མི་དམངས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་ཡོད་ལ། “མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱ་རྒྱུ”ནི། གནས་འདིའི་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འབད་འཐབ་ཁ་ཕྱོགས་སུ་གྱུར་ཡོད།

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

  ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།