མཚོ་བོད་གཞུང་ལམ་གྱི་རྨང་འདིང་མཁན་དམག་སྤྱི་མུའུ་ཧྲིན་ཀྲུང་།
2024.08.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་དམག་སྤྱི་ཐོག་ཁང་སྤྱི་གླིང་དུ། རྡོ་བརྙན་ལས་གྲུབ་པའི་དམག་སྤྱི་ཞིག་གིས་སྐུ་ལ་དམག་ཆས་མནབས་ཏེ་མིག་ཟུང་རྣོན་པོ་རྒྱང་རིང་ལ་ཅེར་ཡོད་ཅིང་། དམག་སྤྱི་དེ་ནི“མཚོ་བོད་གཞུང་ལམ་གྱི་རྨང་འདིང་མཁན”དང“ན་གོར་མོ་གྲོང་ཁྱེར་གྱི་རྨང་འདིང་མཁན”ཞེས་འབོད་པའི་མུའུ་ཧྲིན་ཀྲུང་ལགས་རེད།

མུའུ་ཧྲིན་ཀྲུང་ཞེས་པའི་མིང་འདི་ཚང་མར་རྒྱུས་མངའ་དེ་ཙམ་མེད་ནའང་། མཚོ་སྔོན་ནས་བོད་ལྗོངས་ལྷ་སར་འཐེན་པའི་མཚོ་བོད་གཞུང་ལམ་གླེང་སྐབས་མི་མང་པོ་ཞིག་ལ་གསལ་ཆ་ཡོད་ངེས་ཤིང་། ད་དུང་མི་མང་པོ་ཞིག་བོད་ལྗོངས་ལྷ་སར་བསྐྱོད་སའི་གཞུང་ལམ་དེའི་སྟེང་ཐེངས་དུ་མར་ཕར་འགྲོ་ཚུར་འོང་བྱས་ཡོད་པ་སྨྲས་མི་དགོས། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ནི་དཀར་གཙང་གི་ཁ་བཏགས་ཡུག་གཉིས་དང་འདྲ་བར་མཚོ་བོད་མཐོ་སྒང་གི་མགུལ་དུ་མཐའ་མེད་དུ་བརྐྱངས་ནས་གནས་མཆོག་ལྷ་ས་རུ་གཅིག་ཏུ་བསྣོལ་ཏེ། བོད་ལྗོངས་དང་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད།ང་ཚོ་མུ་མེད་མཐའ་རུ་བརྐྱངས་པའི་གཞུང་ལམ་འདི་གཉིས་ཀྱི་སྟེང་འགྲོ་འོང་བྱེད་ཐེངས་རེ་རེར། ཆུ་བོ་ལ་ཟམ་པ་མེད་ཅིང་རི་བོ་ལ་ཕུག་ལམ་མེད་པའི་ལོ་རབས་དེའི་ནང་གི་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་བཏོད་མཁན་ཚོའི་སེམས་དཔངས་ཚོར་ཐུབ་པར་མ་ཟད།“ལམ་གཉིས”ཀྱི་མི་སེམས་འགུལ་བའི་སྙིང་སྟོབས་ཀྱིས་སེམས་ཁ་གསོ་ཐུབ།

ལམ་ལས་པའི་བརྒྱུད་རིམ་ནང་། དམག་དཔོན་མུའུ་ཧྲིན་ཀྲུང་གིས་རྟག་ཏུ་སྔོན་སྐྱོད་པ་དང་གདོང་མཆོང་པའི་བརྟུལ་ཞུགས་བཟུང་ནས། དཀའ་ངལ་ཆེ་ཤོས་ཀྱི་གནས་སུ་ལངས་ནས་འབད་འབུངས་གང་ལེགས་བྱས་མྱོང་། ལམ་ལས་བཞིན་པའི་སྐབས་སུ། ཁོང་གིས་རང་ཉིད་ཀྱི་ལྕགས་ཁེམ་ངོས་སུ།“མུའུ་ཧྲིན་ཀྲུང་གི་དུར”ཞེས་པའི་ཡིག་འབྲུ་ལྔ་བརྐོས་ཏེ།“གལ་ཏེ་ང་ལམ་འདི་ལས་བཞིན་པའི་སྐབས་སུ་ཤི་སོང་བ་ཡིན་ན། ལམ་འདི་ནི་ངའི་དུར་རྡོ་ཡིན་ལ། ལམ་ལས་ནས་གནས་གང་དུ་ཐོན་ན་ང་གནས་དེ་གར་དུར་སྦས་བྱ་རོགས། ངའི་མགོ་ངེས་པར་དུ་ལྷ་སའི་ཕྱོགས་སུ་གཏད་དེ་དུར་སྦས་བྱ་དགོས”ཞེས་རང་གི་ལས་རོགས་ཚོར་བཅོལ་གདམས་བྱས་མྱོང་།

མུའུ་ཧྲིན་ཀྲུང་གིས་མི་རྟ་གང་མང་ཁྲིད་དེ་ན་གོར་མོ་རུ་འབྱོར་སྐབས། གནས་འདི་ནི་ས་ཁྲའི་སྟེང་གི་ས་མིང་ཙམ་ལས་ཅི་ཡང་མིན་ལ། ཕྱོགས་བཞིར་རྒྱང་ལྟ་བྱས་ན་མི་མེད་ཐང་སྟོང་མཐའ་མེད་ཅིག་ཡིན་པར་མ་ཟད། སྡོང་ཕྲན་གཅིག་ཀྱང་མིག་གི་མཐོང་ཡུལ་དུ་སྣང་དཀའ། དམག་སྤྱི་ཐོག་ཁང་སྤྱི་གླིང་གི་འགྲེལ་བཤད་པ་ཚའེ་ལིས་ལིས་ཀྱིས་བཤད་རྒྱུར།

1954ལོའི་སྔོན་དུ་དམག་སྤྱི་མུའུ་ཧྲིན་ཀྲུང་གིས་གཞུང་ལམ་འཛུགས་སྐྲུན་མི་སྣའི་སྣེ་ཁྲིད་དེ། མཚོ་བོད་གཞུང་ལམ་ལས་མགོ་རྩོམ་པའི་དུས་ཚོད་བེད་སྤྱད་ནས། ཁོས་འདི་ནས་ས་རྐོས་རྡོ་སློག་བྱས་ཏེ་གཞུང་ལམ་དང་ཆུ་རྐ་ལས་ནི་རེད། དེ་ལས་ཁོ་ན་གོར་མོ་གྲོང་ཁྱེར་གྱི་རྨང་འདིང་མཁན་དུ་གྱུར་བར་མ་ཟད།1951ལོར། དམག་སྤྱིའི་བཀའ་ལྟར་དམག་དཔུང་གི་སྣེ་ཁྲིད་ནས་བོད་ལྗོངས་སུ་བསྐྱོད་ནི་རེད།1953ལོར། རྔ་མོང་ཁྲི་ཕྲག་འགའི་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གི་སྣེ་ཁྲིད་ནས། བོད་ལྗོངས་ཕྱོགས་སུ་དངོས་ཟོང་བསྐྱལ།1954ལོར། དམག་སྤྱིས་གཞུང་ལམ་འཛུགས་སྐྲུན་མི་སྣའི་སྣེ་ཁྲིད་དེ་མཚོ་བོད་གཞུང་ལམ་གི་ལས་ཀའི་མགོ་བརྩམས། དེའི་རྐྱེན་གྱིས། ན་གོར་མོ་གྲོང་ཁྱེར་འདི་དང་མཚོ་བོད་གཞུང་ལམ་གཉིས་གཞི་གཅིག་ཏུ་འབྲེལ་ཞིང་། ན་གོར་མོ་གྲོང་ཁྱེར་འདི་ཡང་གཞུང་ལམ་ལ་བརྟེན་ནས་ཆགས་པ་ཞིག་ཡིན་ལ། དམག་སྤྱི་མུའུ་ཧྲིན་ཀྲུང་ལའང་མཚོ་བོད་གཞུང་ལམ་གི་རྨང་འདིང་པ་ཞེས་པའི་མཚན་སྙན་ཐོབ་པ་རེད།

དམག་སྤྱི་མུའུ་ཧྲུན་ཀྲུང་གིས་མི་རྣམས་ལ“ང་ཚོས་བློ་རྩ་བརྟན་པོ་བཅངས་ནས་གཞོང་ས་འདིའི་གཞི་འཛིན་ཐོག་མ་བྱ་དགོས”ཞེས་དང་།“འཛམ་གླིང་གི་ཡང་རྩེ་འདི་རུ་ཁོད་སྙོམས་པའི་ལམ་ཆེན་ཞིག་བསྐྲུན་དགོས་ལ། ཚྭ་འདམ་གཞོང་ས་འདི་ཉིད་རྩྭ་སྣ་ཤིང་སྣ་འཛོམས་སའི་ཁྱིམ་གཞིས་ཆེན་པོ་ཞིག་ཏུ་བསྒྱུར་དགོས”ཞེས་འབོད་སྐུལ་གནང་མྱོང་།

ད་ཆ་ང་ཚོ་ན་གོར་མོ་གྲོང་ཁྱེར་གྱི་དམག་སྤྱི་ཐོག་ཁང་སྤྱི་གླིང་དུ་འཆམ་འཆམ་བྱེད་སྐབས། དམག་དཔོན་མུའུ་ཧྲིན་ཀྲུང་གཙོས་མི་རབས་དང་པོས་བཏབ་པའི་སྦྱར་སྡོང་དང་ལྕང་སྡོང་སོགས་ཤིང་སྡོང་མང་པོ་ཕྲེང་བསྟར་བསྒྲིགས་ཡོད་ཅིང་། ད་ལྟའི་ན་གོར་མོ་གྲོང་ཁྱེར་ནི་སྔོན་ཆད་ཀྱི་མུ་མེད་ཐང་སྟོང་དེ་དང་རྦད་དེ་མི་འདྲ་བར།“གྲོང་ཁྱེར་ཕྱེད་ཀ་སྔོ་ལྗང་གིས་ཁེབས་པ་དང་གྲོང་ཁྱེར་ཕྱེད་ཀ་ཐོག་ཁང་གིས་ཀུན་ནས་གཡོགས་ཡོད”པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་རེད།གནས་དེ་གར་ཡོད་པའི་དམག་སྤྱི་ཐོག་ཁང་སྤྱི་གླིང་གིས“མི་གཅིག་གིས་ལམ་གཅིག་བཏོད་པ་དང་མི་གཅིག་གིས་གྲོང་ཁྱེར་གཅིག་བསྐྲུན”ཞེས་པའི་མི་ཞིག་གི་མི་ཚེ་གང་བོའི་རྨད་བྱུང་མཛད་རྗེས་ངང་གིས་ཚོར་དུ་འཇུག་ཐུབ།

ནོར་ཤུགས་དང་ལག་རྩལ་དཀོན་ཞིང་རང་བྱུང་གི་ཆ་རྐྱེན་ཧ་ཅང་སྡུག་པའི་གནས་སྟངས་འོག་ཏུ། དམག་སྤྱི་མུའུ་ཧྲིན་ཀྲུང་གིས་དམག་དམངས་ཆིག་སྟོང་ཉིས་བརྒྱ་ལྷག་གི་སྣེ་ཁྲིད་དེ། ལྕགས་ཁེམ་སོགས་ལག་ཆ་ཧ་ཅང་ཐབས་ཆག་ལ་བརྟེན་ནས་ཟླ་བ་བདུན་དང་ཉིན་བཞི་ཙམ་གྱི་དུས་ཡུན་ནང་། ན་གོར་མོ་ནས་ལྷ་སའི་བར་གྱི་སྐྱེལ་འདྲེན་གཞུང་ལམ་བསྐྲུན་ཏེ། འཛམ་གླིང་གཞུང་ལམ་ལོ་རྒྱུས་སྟེང་དུ་ངོ་མཚར་བྱས་རྗེས་བཞག་པར་མ་ཟད། མཚོ་སྔོན་ནས་བོད་ལྗོངས་བར་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཏུ་བཅུག

ད་ཆ་དམག་སྤྱི་ཁོང་ང་ཚོ་དང་ཁ་བྲལ་ནས་དུས་ཡུན་རིང་ཙམ་འགྱངས་ཡོད་ནའང་། ཁོང་གི་མི་མེད་སར་ཁྱིམ་གཞིས་བསྐྲུན་པ་དང་ལམ་མེད་སར་ལམ་བཏོད་པའི་སྙིང་སྟོབས་ཀྱིས་དུས་རྟག་པར་ང་ཚོའི་ནང་སེམས་ནམ་མཁའ་བཞིན་བསྐྱེད་ཐུབ། དམག་སྤྱི་ཐོག་ཁང་སྤྱི་གླིང་གི་འགྲེལ་བཤད་པ་ཚའེ་ལིས་ལིས་ཀྱིས་བཤད་རྒྱུར།

    དམག་སྤྱི་ཐོག་རྩེག་སྤྱི་གླིང་འདི་རྒྱལ་ཡོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྡེ་ཚན་གཙོ་བོ་སྟེ། མཚོ་བོད་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་གནའ་ཤུལ་དེ་དམག་སྤྱི་ཐོག་རྩེག་འདི་དང་དམག་སྤྱི་མུའུ་ཧྲིན་ཀྲུང་གི་དྲན་གསོ་ཁང་གཉིས་ལྟེ་བ་བྱས་ནས་གྲུབ་པ་ཞིག་ཡིན་ལ། གཙོ་བོ་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ། དམག་མི་གསར་སྤེལ་དང་ན་གོར་མོའི་འཕེལ་རྒྱས་ཀྱི་ལོ་རྒྱས་སོགས་ལ་རྗེས་དྲན་བྱ་རྒྱུ་དང་། མཚོ་བོད་གཞུང་ལམ་གི་སྙིང་སྟོབས་དང་གསར་བརྗེའི་སྙིང་སྟོབས་སོགས་རྒྱུད་འཛིན་དང་དར་སྤེལ་གཏོང་ཆེད་རེད། དེ་མིན་གནས་འདི་ནི་ན་གོར་མོ་གྲོང་ཁྱེར་གྱི་གནའ་སྔ་མོའི་དཔེ་མཚོན་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཡིན་པས། དམག་སྤྱི་ཐོག་རྩེག་འདིས་ན་གོར་མོ་གྲོང་ཁྱེར་གྱི་འཕེལ་འགྱུར་ལ་བདེན་དཔང་བྱེད་ཐུབ་ཞེས་བཤད་ཆོག

2014ལོར་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་ཏེ་ལོ་འཁོར60འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ལོ་ངོ60རིང་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་གི་བརྒྱུད་རིམ་ཁྲོད་དུ།“གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་བར་མི་སྐྲག་ལ། འབད་འབུངས་ཧུར་ཐག་དང་བློས་གཏོང་ཕོད་པ། དམག་དམངས་ཁྱིམ་གཅིག་དང་མི་རིགས་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་གྲུབ་པར་བྱས་པ་དང་དར་སྤེལ་བཏང་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་གནད་ཁེལ་གནང་བ་དང་། ལམ་གཉིས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་གཉིས་དུས་ནམ་ཡང་མི་རིགས་མཐུན་སྒྲིལ་གྱི་ལམ་དང་། བོད་ལྗོངས་ཤེས་དཔལ་ཡར་ཐོན་གྱི་ལམ། བོད་ལྗོངས་རིགས་སོ་སོའི་སྤུན་ཟླ་ཐུན་མོང་འབྱོར་ཕྱུག་གི་ལམ་བཅས་སུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

དམག་སྤྱི་ཐོག་ཁང་སྤྱི་གླིང་གི་ཟུར་ཞིག

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

  ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།