འབྲི་ཆུའི་འགོ་ཁུངས་སྡེ་བར་གྲོང་གསེབ་དར་སྤེལ་གྱི་ཡོ་ལང་རྒྱས།
2024.08.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 114

འབྲི་ཆུའི་འགོ་ཁུངས་སྡེ་བ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་བོད་རིགས་གནས་སྤོར་སྡེ་གསར་ཞིག་ཡིན་ལ། 2004ལོའི་ཟླ11པར། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཆེད། གདང་ལ་གྲོང་རྡལ་གྱི་ཕྱུགས་ལས་སྡེ་བ་དྲུག་གི་འབྲོག་ཁྱིམ་བརྒྱ་དང་ཉེར་བརྒྱད་ན་གོར་མོ་གྲོང་ཁྱེར་ལྷོ་རྒྱུད་དུ་གསར་འཛུགས་བྱས་པའི་འབྲི་ཆུའི་འགོ་ཁུངས་སྡེ་བའི་གཏན་སྡོད་ཁུལ་དུ་གནས་སྤར། དེ་ནས་བཟུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཞོར་ཕྱུག་འགྱུར་གྱི་ལམ་བུ་འཚོལ་རྒྱུ་ནི། འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡེ་མི་ཡོངས་ཀྱི་དམིགས་འབེན་ཉག་གཅིག་ཏུ་གྱུར་ཡོད་ལ། ད་ལྟ་གདང་ལ་གྲོང་རྡལ་གྱི་འགོ་ཁྲིད་འོག་ཏུ། འབྲི་ཆུའི་འགོ་ཁུངས་སྡེ་བས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་བཞིན་ཡོད། གདང་ལ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་ཝང་ཅུན་གྱིས་བཤད་རྒྱུར།

ང་ཚོའི་གདང་ལ་གྲོང་རྡལ་གྱིས2021ལོར་སྤྱི་ཁྱབ་ཧྲུའུ་ཅིས་དབུལ་ཐར་མཁྲེགས་གཏོར་ཚོགས་ཆེན་སྟེང་གསུང་བཤད་གནང་བ་ལྟར། ང་ཚོས་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་གཞིར་བཟུང་ནས་གསོ་སྤེལ་ར་བ་དར་སྤེལ་བཏང་བར་མ་ཟད། དམར་པོའི་གཞི་རྒྱུའི་ཡུལ་སྐོར་རྟེན་གཞི་སོགས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་ཡིན། དེ་མིན། སྐམ་ཤ་དང་བོད་ལུག་གི་ཤ་ལ་ལས་སྣོན་ཞིབ་ཚགས་བྱས་ཏེ། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཕྱིར་འཚོང་བྱས་ནས་སྲོལ་རྒྱུན་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་ཇེ་མཐོར་གཏོང་ཅི་ཐུབ་བྱས་པ་ཡིན། ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱི་རྒྱབ་སྐྱོར་བྱས་པར་བརྟེན།  ཐོན་ལས་འཕེལ་རྒྱས་ཐད་ནས་སྣེ་སྟོན་དང་ཡར་སྐུལ་གྱི་ནུས་པ་ཐོན་ཡོད། ཡུལ་སྐོར་ཕྱོགས་ནས་བཤད་ན། ཡུལ་སྐོར་པ་ལོ་རེར་ཇེ་མང་དུ་འགྲོ་བཞིན་པ་འདིས་སྡེ་བའི་མི་རྣམས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བར་ཕན་པ་གང་མང་ཞིག་བསྐྲུན་ཡོད། སྡེ་མིས་དམངས་སྲོལ་མགྲོན་ཁང་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་ཀྱི་ཡོང་སྒོ་བཙལ་ཐུབ་པ་དང་། བོད་རིགས་སྤུན་ཟླའི་ལག་ཤེས་བཟོ་ལས་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་ནས། གྲོང་གསེབ་དར་སྤེལ་གཏོང་བའི་རྣམ་པ་གསར་བ་གྲུབ་པར་བྱས་ཡོད།  གནས་སྤར་ནས་ལོ་ངོ་ཉི་ཤུའི་རིང་ལ། བོད་རིགས་སྤུན་ཟླའི་ལག་ཤེས་བཟོ་ལས་སྐོར་ནས་སྔོག་འདོན་བྱེད་རིན་ཡོད་པ་གསལ་བོར་རྟོགས་པ་དང་། དེས་སྲོལ་རྒྱུན་ཡུལ་སྐོར་ལ་སྐུལ་ཁྲིད་བྱེད་ཐུབ་པས་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ།  ད་ལྟ་ང་ཚོ་འབྲི་ཆུ་མགོ་ཁུངས་སྡེ་བའི་ཐུན་མོང་དཔལ་འབྱོར་སྒོར་ས་ཡ་གཅིག་ལས་བརྒལ་ཡོད།  རྗེས་མ་མུ་མཐུད་དུ་རིག་གནས་དང་ཡུལ་སྐོར་སོགས་གཙོར་བཟུང་ནས་ང་ཚོའི་སྡེ་བ་འདི་འབྱོར་ཕྱུག་ལྡན་པའི་ཕྱོགས་སུ་བསྐྱོད་རྒྱུར་ཡིད་ཆེས་ཆེན་པོ་བཅངས་ཡོད།

འབྲི་ཆུའི་འགོ་ཁུངས་སྡེ་བས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་ཞིབ་འཇུག་ནན་ཏན་དང་འཆར་འགོད་གང་ལེགས་བྱས་མཐར། སྲིད་ཇུས་བཟང་བོ་དང་འབྲི་ཆུའི་འགོ་ཁུངས་སྡེ་བའི་ལེགས་ཆ་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་གྱི་ནོར་ལུག་ཤ་རིགས་ལས་སྣོན་ཕྱིར་བཙོང་བྱེད་རྒྱུ་དང་གྲོང་གསེབ་ཡུལ་སྐོར་གོང་དུ་སྤེལ་རྒྱུ་སོགས་སྡེ་བ་འཕེལ་རྒྱས་ཀྱི་ཐབས་ལམ་དུ་གཏན་འཁེལ་བྱས། འབྲི་ཆུའི་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བས་བཤད་རྒྱུར།

ང་ཚོའི་གྲོང་ཚོ་འདི་གནས་སྤོར་བྱས་ནས་ད་བར་དུ་ལོ་ངོ་ཉི་ཤུ་འགོར་བ་རེད། ལོ་ངོ་ཉི་ཤུའི་རིང་ལ་འགྱུར་ལྡོག་མང་པོ་ཞིག་བྱུང་ཡོད་དེ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་དང་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། ཉེ་བའི་ལོ་འདི་འགའི་རིང་། ཏང་གི་སྲིད་ཇུས་བཟང་པོའི་འོག མཉམ་ལས་ཁང་སོགས་བཙུགས་ནས་ཐུན་མོང་དཔལ་འབྱོར་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་གང་ཐུབ་བྱེད་པའི་ཐད་ལ་འབད་འབུངས་བྱས་པ་ཡིན། དེང་སང་ཡིན་ན། གྲོང་ཚོའི་མཉམ་ལས་ཁང་ལ་སྐམ་ཤ་བཙོང་ས་དང་།དེ་མིན་རིག་གནས་ཡུལ་སྐོར་ཐོན་ལས་དང་བོད་ཟས་གསོལ་ཁང་སོགས་མང་པོ་ལས་གཉེར་ཡག་པོ་བྱེད་ཐུབ་པས། འཚོ་བའི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་གཏོང་བའི་བྱེད་ཐབས་ཇེ་མང་དུ་བཏང་ཡོད་པས། སྡེ་མི་ཐག་ཉེ་ནས་ལས་ཞུགས་བྱེད་པར་མཐུན་རྐྱེན་གང་མང་བསྐྲུན་ཡོད་ལ། གླ་ཕོགས་ཀྱང་མི་དམན་པ་ལེན་ཐུབ། ན་ནིང་ང་ཚོའི་སྡེ་བའི་ཐུན་མོང་ཡོང་སྒོ་སྒོར་ས་ཡ་གཅིག་ལྷག་ལ་སླེབས།

ད་ཆ་སྡེ་བའི་ནང་དུ་གདང་ལའི་ནོར་ཤ་དང་ལུག་ཤ་ཞིབ་ཚགས་ལས་སྣོན་རྟེན་གཞི་དང་འབྲི་ཆུའི་འགོ་ཁུངས་ཀྱི་བོད་ཁྱིམ་དམངས་སྲོལ་རྒྱུན་འཛིན་རྟེན་གཞི་སྔ་རྗེས་སུ་བཙུགས་པའི་འགྲོས་དང་བསྟུན་ནས། ཟ་ཁང་དང་ཇ་ཁང་། གྱོན་ཆས་ཚོང་ཁང་། རྒྱན་ཆས་ཚོང་ཁང་། དམངས་སྲོལ་མགྲོན་ཁང་སོགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མི་སྡོད་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ཀྱང་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད། འབྲི་ཆུའི་འགོ་ཁུངས་སྡེ་བའི་བོད་པ་ཚང་དམངས་སྲོལ་འཁྲབ་སྟོན་གསོལ་ཟས་ཁང་གི་དོ་དམ་པ་པད་མ་དབང་ཕྱུག་གིས་བཤད་རྒྱུར།

ང་ཚོའི་བོད་པ་ཚང་དམངས་སྲོལ་འཁྲབ་སྟོན་གསོལ་ཟས་ཁང་འདི་ན་ནིང་གི་ཟླ་དགུ་པའི་ནང་དངོས་སུ་ལས་གཉེར་བྱེད་མགོ་བརྩམས། འདིའི་ནང་འཁྲབ་སྟོན་པ་བདུན་དང་། ཞབས་ཞུ་པ་བཞི། ཟ་མ་ལས་མཁན་མི་གསུམ་ཡོད་ཅིང་། བསྡོམས་པས་མི་བཅོ་ལྔ་ཡོད་པ་དང་ཚང་མ་སྡེ་བ་གཅིག་གི་མི་ཡིན།

དེང་སྐབས་སྡེ་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྡེ་བའི་ཁྱིམ་ཚང་རེ་རེར་རང་བྱུང་སོལ་རླངས་འཐེན་ཡོད་པ་དང་། སྡེ་བའི་ཁོར་ཡུག་ལྗང་སྒྱུར་བྱས་ཤིང་ཨར་འདམ་ཅན་གྱི་གཞུང་ལམ་ལས་ཡོད་ལ། སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གང་ལེགས་བྱས་ནས། སྔ་གཞུག་ཏུ་སློབ་ཆུང་དང་རྒན་བཀུར་ཁང་། སྡེ་བའི་སྨན་བཅོས་འཕྲོད་བསྟེན་ཁང་། གད་སྙིགས་ཐག་གཅོད་བྱེད་ས། སྡེ་བའི་རླངས་འཁོར་ས་ཚིགས། རིག་གནས་ཐང་ཆེན་སོགས་ལས་པར་མ་ཟད། ཉི་འོད་ནུས་པའི་ལམ་སྒྲོན་བཙུགས་པ་དང་ཕྱོགས་བསྡུས་སྣ་འཛོམས་ཚོང་ར་འཛུགས་སྐྲུན་བྱས་ཡོད། ད་ལྟ་སྡེ་མི་རྣམས་མཁར་གྲོང་དུ་བསྡད་ཡོད་ནའང་ལོ་རེར་རྩྭ་སའི་བྱ་དགའི་ཁ་གསབ་སྒོར་མོ་སྟེར་བཞིན་ཡོད་ཅིང་། དེ་ལས་གཞན་ད་དུང་དཀའ་ཁག་ཅན་གྱི་ཁ་གསབ་རོགས་དངུལ་དང་རྒན་གསོའི་མ་དངུལ་སྟེར་བཞིན་ཡོད་པ་ལས་གཞན། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོབ་ཆ་བགོ་བཞིན་ཡོད་པས། ཡོང་སྒོ་ལོ་རེ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། འབྲི་ཆུའི་འགོ་ཁུངས་སྡེ་བའི་བོད་པ་ཚང་དམངས་སྲོལ་འཁྲབ་སྟོན་གསོལ་ཟས་ཁང་གི་བོད་ཟས་ཇ་མ་བདེ་ཆེན་གཡང་སྒྲོན་གྱིས་བཤད་རྒྱུར།

ང་སྔོན་ཆད་ཁྱིམ་ནས་བསྡད་དེ་ཞོར་ལས་སུ་འགྲོ་མ་མྱོང་། ད་སྐབས་འདིར་ཡོང་ནས་ཟ་མ་ལས་ན་གླ་ཕོགས་ཡང་མི་དམན་པ་ལེན་ཐུབ་པས་ཧ་ཅང་ཡག་པོ་འདུག

དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། འབྲི་ཆུའི་འགོ་ཁུངས་སྡེ་བ་རུ་གྲོང་གསེབ་དར་སྤེལ་གྱི་ཡོ་ལང་རྣམ་པར་རྒྱས་ཤིང་། ས་དེ་རུ་འཚོ་བ་རོལ་བའི་སྡེ་མི་རེ་རེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། ནམ་ཡང་ཏང་གི་རྗེས་སུ་འབྲངས་པ་དང་། སྐྱིད་པའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་དུ་འགྲོ་ཐུབ་པར་ཆོད་སེམས་བརྟན་པོ་བཅངས་ཡོད།

སྡེ་བའི་གཟི་བརྗིད་འགྲེམ་པང་།


གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

  ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།