—བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱིས་རི་སྐྱེས་སྲོག་ཆགས་རང་གི་མིག་ལྟར་སྲུང་བཞིན་ཡོད།
མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནི་ཀྲུང་གོའི་དམངས་ཁྲོད་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཚིགས་ཐོག་མ་ཡིན། ས་ཚིགས་དེར་མིག་སྔར་བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ12ཡོད་པ་དང་། ཁོ་ཚོས་སྐོར་ཞིབ་དང་ལྐོག་རྔོན་སྔོན་འགོག རི་སྐྱེས་སྲོག་ཆགས་རྩ་ཆེན་གཙོད་སོགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ནན་ཏན་གྱིས་སྒྲུབ་བཞིན་ཡོད། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་གཞི་རིམ་སྐོར་ཞིབ་པ་བློ་གྲོས་དབང་ཕྱུག་གིས་བཤད་རྒྱུར།
རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་ལྟེ་གནས་འདིས་གཙོ་བོ་གཙོད་ལ་སྲུང་སྐྱོབ་བྱེད་པ་དང་། གཙོད་ཕྲུག་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད། གཙོད་ཀྱིས་གཙོད་ཕྲུག་རྩེབས་པའི་སྐབས་སུ། ང་ཚོའི་ལས་བྱེད་པ་དེ་ནས་གཏན་སྡོད་བྱས་ཏེ་གཙོད་ཕྲུག་རྩེབས་མ་ཚར་བར་དུ་ཕྱིར་ཡོང་མི་ཐུབ། གཙོད་རྩེབས་ཚར་རྗེས། ཁོ་ཚོས་ཁ་ཐོར་དུ་སོང་བའི་གཙོད་དང་། ཤི་བ། གཙོད་ཁྱུའི་རྗེས་མ་ཆོད་པའི་གཙོད་ཐམས་ཅད་ཡར་སྐྱེལ་མར་ལེན་བྱེད་དགོས་པ་དང་། དེར་མ་ཟད་གཙོད་ཀྱི་ལུས་པོ་བདེ་ཐང་དང་། གཟུགས་ཀྱི་ཆེ་ཆུང་སོགས་ལ་གཞིགས་ནས། ཆུང་བའི་དུས་འོ་མ་མང་པོ་བསྣུན་གྱིན་ཡོད། སྐབས་རེར་འོ་ཁུག་བཞི་ལྔ་རེ་ལྡུད་ཀྱིན་ཡོད་པས་འོ་མ་རིག་ན་ཚུར་རྒྱུགས་ཡོང་བའི་གོམ་གཤིས་ཤིག་ཆགས་ཡོད། དེ་ནས་རིམ་བཞིན་འོ་མ་ཇེ་ཉུང་དུ་བཏང་ནས། རྩྭ་ཆུ་འཛོམས་པའི་ས་ནས་ཁོ་ཚོར་སྦྱོར་བརྡར་ཐོབ་དུ་བཅུག་སྟེ་རང་སྟེང་ནུས་པ་ཡོད་དུས། འཚོ་གནས་བྱེད་སའི་གནས་དེར་སྐྱེལ་བ་ཡིན།
དུས་རབས20པའི་ལོ་རབས80ནང་དུ། ཁྲིམས་འགལ་རི་དྭགས་རྔོན་མཁན་གྱིས་ཨ་ཆེན་གངས་རྒྱབ་ཏུ་རི་སྐྱེས་སྲོག་ཆགས་མང་པོ་བརྔོན་པས། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུའི་གྲངས་ཀ་འབུམ་གཉིས་ལྷག་ནས་ཁྲི་གཉིས་ཙམ་བར་ཇེ་ཉུང་དུ་ཕྱིན། 1994ལོར་རི་དྭགས་རྔོན་མཁན་དང་འཐབ་འཛིང་བྱེད་པའི་ཁྲོད་དུ། སྐབས་དེའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། འབྲི་སྟོད་རྫོང་ནུབ་རྒྱུད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར་བའི་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རང་སྲོག་བློས་བཏང་བ་རེད། ལོ་ངོ30རིང་ལ་བསོད་ནམས་དར་རྒྱས་ཀྱི་སྙིང་སྟོབས་ཀྱིས་ཨ་ཆེན་གངས་རྒྱབ་སྲུང་མཁན་ཚོར་སྐུལ་ལྕག་བྱེད་བཞིན་ཡོད། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་སྲུང་སྐྱོབ་དོ་དམ་ཚན་ཁག་གི་ཚན་གཙོ་ལྷ་ལུང་ཚེ་རིང་གིས་བཤད་རྒྱུར།
ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཚིགས་འདི1996ལོར་བཙུགས་པ་དང་། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཚིགས་རེད། 1997ལོར་སྲུང་སྐྱོབ་ལས་ཁུངས་སུ་གྱུར་བ་དང་། ལོ་དེར་རྒྱལ་ཁབ་རིམ་པའི་རང་བྱུང་་སྲུང་སྐྱོབ་ས་ཚིགས་སུ་གྱུར། ང་ནི་སྐོར་ཐེངས་དང་པོའི་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཡིན་ལ། ད་ལྟའི་བར་ལོ་ངོ་ཉེར་བརྒྱད་འགོར་ཡོད། དང་ཐོག་ཡོང་དུས་གནས་དེའི་རྨང་གཞིའི་སྒྲིག་ཆས་ཧ་ཅང་ཞན་པ་དང་། ང་ཚོ་ལས་བྱེད་མི་སྣ་གསུམ་རས་གུར་གཅིག་ལས་འདུག་དགོས། འདུག་ཐེངས་གཅིག་ལ་ཟླ་གཅིག་རེ་འདུག་དགོས་ཤིང་། ཟ་མ་སོགས་ཕྱོགས་གང་ཐད་ནས་ཆ་རྐྱེན་འཛོམས་པོ་མེད། དེའི་རྗེས་ནས་རས་གུར་པང་ལེབ་ཁང་བར་བསྒྱུར་ནས་ཆ་རྐྱེན་ཡང་ཅུང་ཇེ་བཟང་ཏུ་སོང་། དེ་ནས་ད་ལྟའི་ཐོག་ཁང་འདི་ལས་ནས་ལས་བྱེད་མི་སྣའང་མི་བཅུ་ཕྲག་ཁ་ཤས་ཡོད་ལ། ཐེངས་ཤིག་ང་ཚོའི་ལས་བྱེད་པ་བདུན་རི་མགོར་སོང་ནས་སྐོར་ཞིབ་བྱེད་དུས། རི་དྭགས་ལྐོག་རྔོན་ཚོགས་པ་ཞིག་ལ་འཕྲད་པ་དང་། དེ་ཚོས་རི་དྭགས་གཙོད་ཀྱི་པགས་པ་བདུན་བརྒྱ་ཙམ་འདྲུད་འཐེན་འཁོར་ལོའི་ནང་བཞག་ནས་འབྲོ་རྩིས་བྱས། ང་ཚོས་ཉིན་མཚན་གསུམ་ལ་ངལ་མ་གསོས་པར་ཉེས་ཅན་དེ་དག་བཟུང་ནས་སྲུང་སྐྱོབ་ཅུའུ་ལ་བསྐྱལ་ནས་ཁོ་ཚོ་སྤྱི་བདེ་ལས་ཁུངས་ལ་སྤྲད། དེང་སྐབས་ལས་བྱེད་མི་སྣ་ཚང་མའི་འབད་བརྩོན་འོག སྲུང་སྐྱོབ་ས་ཚིགས་ཀྱི་རི་དྭགས་གཙོད་ཀྱི་ཁ་གྲངས་ཡང་དེ་སྔོན་གྱི་ཁྲི་གཉིས་ཙམ་ནས་ད་བར་གྱི་ཁྲི་བདུན་ཙམ་ལ་སླེབས་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པའི་ཚུན་ལ། སྐོར་ཞིབ་རུ་མིས་ལོ་རེར་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་དང་བླངས་པ་དང་ཡུལ་སྐོར་པར་སྐྱེ་ཁམས་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ས་ཚིགས་ཀྱི་ཚན་རིག་ཁྱབ་གདལ་འགྲེམ་སྟོན་ཁང་དུ་གཙོད་ཀྱི་འདྲ་པར་དང་རུ་མི་ཚོས་ཨ་ཆེན་གངས་རྒྱབ་དུ་སྐོར་ཞིབ་བྱེད་པའི་འདྲ་པར་བཞག་ཡོད།
རི་དྭགས་གཙོད་ཀྱི་རྒྱུད་སྤེལ་དང་གནས་སྤོར་ལ་སྲུང་སྐྱོབ་བྱེད་པའི་ཐད། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཚིགས་ཀྱིས་མུ་མཐུད་དུ་གཞི་ཁྱོན་ཆེ་བའི་སྐོར་ཞིབ་འགུལ་སྐྱོད་སྤེལ་ནས། ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་གཏོང་བཞིན་ཡོད། ལོ་རེའི་ཟླ་ལྔ་བར་སྲུང་སྐྱོབ་ཁུལ་གྱི་ས་ཚིགས་སོ་སོར་ལས་བྱེད་མི་སྣ་དང་རླངས་འཁོར་ཁ་སྣོན་བྱས་ནས། གཙོད་ཕྲུག་རྩེབས་དུས་དང་གནས་སྤོར་བྱེད་སྐབས་ཀྱི་འགྲིམ་འགྲུལ་བཀག་འགོག་བྱས་ཏེ། ཁ་ཐོར་དུ་སོང་བ་དང་རྗེས་ལུས་ཐེབས་པའི་གཙོད་ཕྲུག་སྐྱོབ་བཞིན་ཡོད།
གསར་འགོད་པས་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ། ས་གནས་ཀྱི་ཁོར་སྲུང་པས་ལམ་རྒྱུད་ཀྱི་ཡུལ་སྐོར་པ་དང་ཁ་ལོ་པ་མང་པོ་ཞིག་ལ་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་ནས་སྤྱི་ཕན་དྲིལ་སྒྲོག་བྱེད་བཞིན་པ་མཐོང་བ་དང་། ད་དུང་སྐོར་ཞིབ་རླངས་འཁོར་བསྐོར་ཏེ་གཞུང་ལམ་འགྲམ་རྒྱུད་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གནས་སྟངས་ལ་སྐོར་ཞིབ་བྱེད་པ་མཐོང་ལ། གནད་འདིའི་སྟེང་ནས་སྐྱེ་ཁམས་དང་རི་སྐྱེས་སྲོག་ཆགས་ལ་རང་གི་མིག་འབྲས་བཞིན་དུ་སྲུང་སྐྱོབ་བྱེད་བཞིན་པ་རྟོགས་ཐུབ།
བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་ཁོར་སྲུང་པ་ཚང་མས་དུས་དང་རྣམ་པ་ཀུན་ཏུ་ན་འདམ་དང་འདམ་རྫབ། ཆུ་ཆེན་གྱིས་ལམ་གཅོད་པ་སོགས་ཀྱི་གདུག་རྩུབ་ཆེ་བའི་ཁོར་ཡུག་གདོང་གིས་བསུ་དགོས་ཤིང་། གཞན་ཡང་བསྟུད་མར་འབབ་ཞོད་ཆེ་བ་དང་ཁངས་ཆེན་འབབ་པའི་གནམ་གཤིས་སྡུག་པོ་དང་ཟས་རིགས་མཁོ་འདོན་ལ་བར་ཆད་ཤིན་ཏུ་ཆེ་བའི་དངོས་ཡོད་དཀའ་ཚེགས་ལའང་གདོང་གཏོད་རྒྱུ་ནི་ཧ་ལམ་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། གདུག་རྩུབ་ཆེ་བའི་མཐོ་སྒང་གི་ཁོར་ཡུག་འོག་ཏུ། ཁོར་སྲུང་པ་རྣམས་ཀྱིས་མཐོ་སྒང་གི་གནམ་གཤིས་ཚབས་ཆེན་ལས་བྱུང་བའི་དཀའ་བ་ཁྱད་དུ་སེལ་དགོས་ནའང་། ཁོ་ཚོས་སྔར་བཞིན་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཡོངས་འགྲུབ་བྱེད་ཐུབ། སྐོར་ཞིབ་རུ་མི་ཏིན་ཧེ་ཕིན་གྱིས་བཤད་རྒྱུར།
ང་ཚོའི་སྲུང་སྐྱོབ་ས་ཚིགས་འདིའི་རྒྱ་ཁྱོན་ཅུང་ཆེ་བའི་རྐྱེན་གྱིས་སྐོར་ཞིབ་ཏུ་འགྲོ་ཐེངས་རེ་ལ་གནད་དོན་སྣ་ཚོགས་ལ་འཕྲད་སྲིད། 2018ལོའི་ཐེངས་ཤིག་ལ་ང་ཚོས་སྐོར་ཞིབ་བྱེད་པའི་སྐབས་སུ། སྤྱི་ལེ་སུམ་བརྒྱའི་ལམ་ཐག་ཉི་མ48ལ་སོང་། རྒྱུ་མཚན་ནི་སྐབས་དེར་ཆར་ཞོད་ཆེ་བས་ལམ་ཡོངས་འདམ་རྫབ་ཀྱིས་ཁེངས་པ་དང་། གོམ་པ་འགའ་རེ་སོང་ན་རླངས་འཁོར་འདམ་ནང་དུ་ཟུག་ནས་མདུན་སྐྱོད་བྱེད་དཀའ་ལ། རླངས་འཁོར་ལའང་ཆག་སྐྱོན་སྣ་ཚོགས་འབྱུང་སྲིད། དེ་ལྟར་ཉིན་ཉི་ཤུ་ཙམ་འགོར་རྗེས། ང་ཚོའི་བྲོ་ཁ་ཡང་ཚར་ལ་ཉེ། ཐལ་དྲགས་པའི་མཐོ་སྒང་གི་གནམ་གཤིས་འོག ལས་བྱེད་མི་སྣ་སྐོར་ཞིག་ལ་ཆམ་པ་བྱུང་ཡང་དཀའ་ངལ་གདོང་གིས་བསུས་ཏེ། མུ་མཐུད་དུ་རང་གི་ཕྲག་སྟེང་གི་འགན་འཁྲི་དང་དུ་བླངས་ནས་སྐོར་ཞིབ་བྱས་པ་དང་། སྐབས་དེར་སྲུང་སྐྱོབ་ཅུའུ་ནས་རོགས་སྐྱོར་མི་སྣ་ཐེངས་གཉིས་ལ་མངགས་ཏེ། ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་པར་བརྟེན་ཐེངས་དེའི་སྐོར་ཞིབ་བྱ་བ་བདེ་ལེགས་ངང་ཡོངས་འགྲུབ་བྱས་ཤིང་། བསྡོམས་པས་ཉིན་ཞེ་བརྒྱད་འགོར་ཡོད། དེ་ནི་སྐོར་ཞིབ་བྱ་བ་བསྒྲུབ་ནས་ལོ་བརྒྱད་འགོར་བའི་རིང་ང་རང་ལ་མཚོན་ན་ཧ་ཅང་བརྗེད་དཀའ་བའི་དོན་དག་ཞིག་རེད།
རྔམ་བརྗིད་ཀྱི་ཁུ་ནུ་རི་བོ་གྲོང་ངེར་ལངས་ཤིང་། ལེ་དབར་ཁྲི་ཡི་འབྲི་ཆུ་ལྷུང་ལྷུང་དུ་འབབ། ཁུ་ནུ་རི་བོའི་ཉག་ག་འདིར། རྒྱས་བཟང་བསོད་ནམས་དར་རྒྱས་ལགས་ཀྱི་རྗེས་དྲན་རྡོ་རིང་ཀྲོང་ངེར་བཞེངས་ཡོད། དྭངས་གཙང་གི་ཁ་བཏགས་དཀར་པོ་ཡུག་གཅིག་རྡོ་རིང་གི་མདུན་ཐད་དུ་ལྷབ་ལྷུབ་བསྐྱོད་བཞིན་ཡོད་པ་དང་། མི་མང་པོ་ཞིག་ཆེད་དུ་གནས་འདིར་ཡོང་ནས་རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་ཁོང་ལ་རྗེས་དྲན་དང་མྱ་ངན་ཞུ་བཞིན་ཡོད།ད་ལྟ། ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་ཀྱི་ཁ་གྲངས་ཁྲི2ཙམ་ནས་ཁྲི7ལྷག་ལ་སླར་གསོ་བྱུང་བར་མ་ཟད། ཨ་ཆེན་གངས་རྒྱབ་ཏུ་མེ་མདའི་སྒྲ་ཅི་ཡང་གྲགས་རྒྱུ་མེད་པར། རི་དྭགས་གཙོད་ལ་འཚོ་གནས་ཀྱི་དག་ཞིང་ཞིག་བསྐྲུན་ཡོད།
གཟི་བརྗིད་དཔང་ཡིག
གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།
ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།