“གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ”ཞེས་འབོད་པའི་མཚོ་བོད་གཞུང་ལམ་གྱི109ལམ་སྐྱོང་ས་ཚིགས་ནི། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5231ཡོད་པའི་གདང་ལ་རི་ཁ་རུ་གནས་ཡོད། གནས་འདིའི་ཆ་སྙོམས་དྲོད་ཚད་ཀོར་ཐིག་མན་གྱི་ཏུའུ་བརྒྱད་ཡིན་ལ། གྲང་ངར་ཧ་ཅང་ཆེ་བའི་དགུན་ཁར་གནས་འདིའི་དྲོད་ཚད་ཀོར་ཐིག་མན་གྱི་ཏུའུ་བཞི་བཅུ་ལས་དམའ་བ་དང་། མཁའ་དབུགས་ཁྲོད་ཀྱི་དབྱང་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་བརྒྱ་ཆའི་ཉེར་ལྔ་ཙམ་ཡིན། གནམ་གཤིས་ཧ་ཅང་ཞན་པའི་ཆ་རྐྱེན་འོག་ཏུ། མི་ཁག་གཅིག་གིས་ལོ་ངོ་དུ་མའི་རིང་ལ། བོད་ལྗོངས་དང་ནང་ལོགས་ས་ཁུལ་གྱི་འགྲིམ་འགྲུལ་གེགས་མེད་ཤར་གཏོང་ཡོང་བར་ཁག་ཐེག་བྱེད་ཆེད། ཁ་ཆར་བུ་ཡུག་ཇི་ལྟར་རྒོད་ཅིང་ཁོར་ཡུག་ཇི་འདྲའི་སྡུག་ནའང་། བོད་ལྗོངས་ཀྱི“སྲོག་རྩ”སྟེ་མཚོ་བོད་གཞུང་ལམ་གེགས་མེད་ཤར་གཏོང་ཐུབ་ཆེད། རང་ཉིད་ཀྱི་མི་ཚེ་དང་ཚེ་སྲོག་ཕུལ་དང་འབུལ་བཞིན་ཡོད་ཅིང་། ཁོ་ཚོ་ནི་མཚོ་བོད་གཞུང་ལམ་ལས་ཨ་མདོ་གཞུང་ལམ་གྱི109ལམ་སྐྱོང་ས་ཚིགས་ཡིན་ལ། 1990ལོར་འགྲིམ་འགྲུལ་པུའུ་ཡིས“གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ”ཞེས་པའི་མིང་བཏགས། ལམ་སྐྱོང་ས་ཚིགས་འདི་ཉིད་མཚོ་བོད་གཞུང་ལམ་གྱི་ཆེད་དུ་བྱུང་བ་ཡིན་ལ་མཚོ་བོད་གཞུང་ལམ་དང་ལྷན་དུ་གནས་ཡོད། གཞུང་ལམ་བདག་སྐྱོང་ས་ཚིགས་ཀྱི་སྔོན་ཆད་ཀྱི་འགོ་གཙོ་མར་ཏིང་གིས་བཤད་རྒྱུར།
ང་རང1977ལོའི་ཟླ11པའི་ནང་གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ་ནས་ལས་ཀ་ཞུགས་པ་ཡིན། དེའི་སྐབས་སུ་ལས་ཀ་ལས་སྐབས་དཀའ་ཚེགས་ཆེ་ལ་ཆ་རྐྱེན་ཧ་ཅང་སྡུག་པ་མ་ཟད་ལམ་ནི་ས་ལམ་རྐྱང་རྐྱང་ཡིན། 1982ལོའི་ཟླ7པའི་ནང་། མཚོ་བོད་གཞུང་ལམ་སྒྱུར་བཅོས་བྱས་ནས་སྣུམ་ལམ་ལས། དེའི་སྐབས་སུ་དགུན་ཁ་ཁ་བ་འབབ་པའི་དུས་དང་དབྱར་ཁ་ཆར་བ་འབབ་པའི་དུས་ལས་ཚེགས་ཅུང་ལྕི། སྐབས་དེར་གློག་མེད་པ་དང་ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོའི་འོག་འཚོ་བའི་ཐད་གློག་དང་དྲོད་རླངས་སོགས་ཚང་མ་འཐེན་ཡོད་པས་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེང་མ་གློག་མེད་པས་སྣུམ་སྒྲོན་བཀར་ནས་འདུག་དགོས་པ་དང་། ད་ལྟ་ལས་ཀ་ལས་པར་བཀོལ་བ་ཚང་མ་རླངས་འཁོར་སོགས་འཕྲུལ་ཆས་སྣ་མང་ཡིན་ལ། དེ་སྔོན་ཆ་རྐྱེན་སྡུག་པས་ད་ལྟ་གནས་དེའི་གཞོན་རབས་པ་ཚོས་དེང་རབས་ཀྱི་ལག་ཆ་སྤྱད་ནས་ལས་ཀ་ལས་བཞིན་པ་མཐོང་ཚེ་སེམས་ནས་དགའ་སྤྲོ་སྐྱེས་པ་ཞིག་རེད།
ལོ་ངོ་དུ་མའི་རིང་ལ། ལམ་སྐྱོང་མཁན་རྣམས་ཀྱིས་ཚེ་སྲོག་ལ་བརྟེན་ནས“མཁའ་ལམ”འདིར་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཅིང་། བརྩོན་པར་བརྟེན་ནས་གཞུང་ལམ་འདིའི་སྟེང་འགྲོ་སྐྱོད་བྱེད་མཁན་ཚོར་རོགས་རམ་བྱས་ཏེ། མཚོ་བོད་གཞུང་ལམ་གྱི་ལམ་དུམ་མཐོ་ཤོས་སུ་རང་འཁྲིའི་ལས་འགན་ཡོངས་འགྲུབ་བྱེད་ཀྱིན་ཡོད།
བོད་ལྗོངས་ཀྱི་ཕྱིར་སྐྱེལ་ནང་འདྲེན་དངོས་ཟོག་གི་བརྒྱ་ཆའི་བརྒྱད་ཅུ་ཙམ་མཚོ་བོད་གཞུང་ལམ་ལ་བརྟེན་ནས་མཁོ་འདོན་བྱེད་ཀྱིན་ཡོད་ཅིང་། གལ་སྲིད་ལམ་འདི་ཉིད་ཆད་པའམ་ཡང་ན་ཁེགས་པ་ཡིན་ན། བོད་ལྗོངས་སུ་དངོས་ཟོག་དཀོན་པ་དང་དངོས་ཟོག་གི་རིན་གོང་འཕར་བའི་ཉེན་ཁ་འབྱུང་སྲིད། དེ་བས་མཚོ་བོད་གཞུང་ལམ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་འཕར་རྩ་ཆེན་པོ་ཞིག་ཡིན་ཞེས་བཤད་ཆོག གཞུང་ལམ་བདག་སྐྱོང་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་ཕུར་བུ་ཚེ་རིང་གིས་བཤད་རྒྱུར།
དཀའ་ལས་ཆེ་ཤོས་ནི་དགུན་ཁ་རེད། གནས་འདིར་ཟླ་ལྔ་པའི་སྐབས་སུ་ཡང་ཁ་བ་ཆེན་པོ་འབབ་ཀྱིན་ཡོད་པ་དང་། ཁ་བ་ཆེན་པོ་འབབ་སྐབས་རླངས་འཁོར་རི་ནང་དུ་ལུས་ནས་ཉིན་འགའ་རེ་འགོར་གྱིན་ཡོད་ལ། མགྲོན་པོ་རྣམས་ལ་དབྱངས་དབུགས་དཀོན་པ་དང་ཟ་མ་མེད་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ། དེ་ཚོ་རོགས་རམ་བྱས་ནས་དབྱངས་རླུང་སོགས་སྟེར་གྱིན་ཡོད། སྐབས་ལན་རེར་ང་ཚོ་ལས་བཟོ་བ་ཚོས་ལས་ཀ་ལྗིད་དུས་ཉིན་གཅིག་ལ་སྟབས་ཐུག་གཅིག་རེར་བརྟེན་ནས་ལས་ཀར་འབད་ཀྱིན་ཡོད།
མཚོ་བོད་གཞུང་ལམ་གྱི་ལམ་དུམ་འདིར་མཚོན་ནས་བཤད་ན། གནམ་གཤིས་དྲོད་གྲང་མི་སྙོམས་པ་དང་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཅི་རིགས་ལམ་འདིའི་སྟེང་སྐྱོད་བཞིན་ཡོད་པའི་དབང་གིས། ལམ་ངོས་ཀྱི་རྣམ་པ་འགྱུར་སླ་བ་ཡིན། དེའི་ཁར་བདག་སྐྱོང་བྱས་ཚར་མ་ཐག་པའི་ལམ་ངོས་དེའང་ཡུན་རིང་མ་འགོར་བར་ས་འབུར་དང་རྐོ་དོང་ཆེ་མ་ཆུང་གསུམ་གྱིས་ཁྱབ་འགྲོ་བ་ནི་རྒྱུན་ལྡན་ཞིག་ཡིན། ལམ་སྐྱོང་དང་ལམ་གསོའི་ལས་དོན་ཡག་པོར་བསྒྲུབས་པ་ཡིན་ན། གཞི་ནས་འགྲོ་འོང་བྱེད་མཁན་ཁ་ལོ་པའི་བདེ་འཇགས་ལ་འགན་ལེན་ཡག་པོ་བྱེད་ཐུབ་པས། དཀའ་ལས་གང་འདྲ་ཞིག་བརྒྱབ་ཀྱང་རིན་ཐང་ཆེན་པོ་ལྡན། གཞུང་ལམ་བདག་སྐྱོང་དུམ་བུའི་བཟོ་ཚོགས་ཀྱི་འགན་ཁུར་པ་སྐར་མ་འཇིགས་བྱེད་ཀྱིས་བཤད་རྒྱུར།
ང་ཚོ་བཟོ་ཚོགས་ལྟ་བུར་མཚོན་ན། ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག རྒྱལ་ལམ109འགྲམ་རྒྱུད་ཀྱི་དཀའ་ཁག་ཡོད་པའི་ས་གནས་སུ་རོགས་སྐྱོར་བྱེད་ཀྱིན་ཡོད་པ་དང་། དེང་མ་གློག་མེད་པའི་ས་ཆ་ཚང་མ་གློག་འཐེན་ཡོད་ལ། དེང་སྐབས་ཚང་མའི་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་ཡོད།
མཚོ་ངོས་ལས་མཐོ་ཚད་སྨི5300ཙམ་གྱི་ས་ཆར་ལོ་ངོ་དུ་མར་རང་འཁྲིའི་ལས་ཀ་རྒྱུན་འཁྱོངས་བྱེད་ཐུབ་མཁན་ནི་ངེས་པ་དོན་གྱི་དཔའ་བོ་ཡིན། གཞུང་ལམ་བདག་སྐྱོང་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཀུན་མཆོག་བསྟན་འཛིན་གྱིས་བཤད་རྒྱུར།
2022ལོར་སློབ་གྲྭ་ཆེན་མོ་མཐར་ཕྱིན་ནས་ལམ་སྐྱོང་ས་ཚིགས་འདིར་བྱ་བ་སྒྲུབ་དུ་ཡོང་བ་ཡིན། ང་རང་ལས་ཀར་ཞུགས་ནས་ལོ་གཅིག་ལྷག་འགོར་ཡོད་ལ། དེ་སྔོན་ཁོ་ཚོའི་ལས་ཀར་དཀའ་སྡུག་ཆེ་བ་མཐོང་མྱོང་ལ། ད་ལྟ་ཡང་དུས་རྒྱུན་གྱི་བྱ་བར་དཀའ་སྤྱད་འབད་བརྩོན་བྱས་ཏེ་སྒྲུབ་བཞིན་ཡོད་པས། ང་རང་ཉིད་ཀྱིས་ཀྱང་ཁོ་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་ཡག་པོ་བྱས་ནས། མུ་མཐུད་དུ་མཚོ་བོད་གཞུང་ལམ་བདག་སྐྱོང་གི་ཐད་ནུས་ཤུགས་ཆེན་པོ་བཏོན་ནས་བྱ་བ་རྒྱུ་ཡིན།
“གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ”ནི་མི་རྣམས་ཀྱིས་བསྩལ་བའི་གཟི་བརྗིད་ཆེ་ཤོས་ཡིན་ནའང་། ལམ་སྐྱོང་ས་ཚིགས་འདིའི་སྟེང་ལས་ཀ་བྱེད་མཁན་མང་ཆེ་བ་ཆེས་སྤྱིར་བཏང་གི་ལམ་སྐྱོང་མཁན་འབའ་ཞིག་ཡིན་ལ། ཁོ་ཚོར“མཚོ་བོད་གཞུང་ལམ་གྱི་སྲོག་རྟེན”ཞེས་པའི་ཆོ་ལོ་བསྩལ་ཡོད།
བྱ་རྒོད་ཀྱང་འཕུར་དཀའ་བའི་གདང་ལ་རི་བོར་རླངས་འཁོར་ལ་ཆག་སྐྱོན་དང་འགྲུལ་པ་མགོ་ཡོམ་འཁོར་བའི་གནས་ཚུལ་ཉིན་རེར་འབྱུང་བཞིན་ཡོད་ཅིང་། ལམ་སྐྱོང་ས་ཚིགས་འདི་ཉིད་ལམ་དུམ་འདིའི་སྟེང་གི་སྲོག་གི་སྐྱོར་མ་ཉག་གཅིག་ཏུ་གྱུར་ཡོད། 1990ལོར་ལམ་སྐྱོང་པ་རྣམས་ཀྱིས་རང་འགུལ་ངང་གནས་སྐབས་རོགས་སྐྱོབ་ས་ཚིགས་ཤིག་བཙུགས་ཏེ། ཆུ་ཁོལ་དང་དབྱང་རླུང་རིན་མེད་ངང་མཁོ་འདོན་བྱས་པ་ཕུད། ད་དུང་ཆེད་སྤྱོད་ཞག་སྡོད་ཁང་བ་འགའ་བཀོད་སྒྲིག་བྱས་ནས། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་པ་དང་འགྲུལ་པ་ཚོར་རིན་མེད་ངང་ངལ་གསོའི་བསྟི་གནས་མཁོ་འདོན་བྱས་ཡོད།
མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ངང་གིས་གྲུབ་པའི། “དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པ། ངར་ཤུགས་མི་ལྷོད་པ། ལམ་གྱི་རྨང་རྟེན་བྱེད་ཕོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་མཐུན་པ། མི་རིགས་མཐུན་སྒྲིལ་བྱེད་པ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་དང་ཐོག་མའི་དམ་བཅའ་བརྟན་པོ་ལམ་སྐྱོང་ས་ཚིགས་ཀྱི་གྱང་ངོས་སུ་བརྟན་པོར་བརྐོས་འདུག་ཅིང་། དེས་ལམ་སྐྱོང་ས་ཚིགས་འདིའི་འགན་འཁྲིའི་བསམ་པ་རྫོགས་པར་བསྟན་འདུག
དེང་སྐབས་ཡུལ་སྐོར་པ་མང་པོ་ཞིག་ལ་ཆ་མཚོན་ནས་བཤད་ན། གདང་ལ་རི་ཁ་རུ། རྫ་དུག་མི་རྒྱག་པ་དང་འགྲིམ་འགྲུལ་དོན་རྐྱེན་མ་བྱུང་བར་བདེ་བླག་ངང་བརྒལ་རྒྱུ་དེ་མི་ཚེའི་གཟི་བརྗིད་ཅིག་ཏུ་རློམ་བཞིན་ཡོད་ནའང་། ལམ་སྐྱོང་ས་ཚིགས་འདིའི་ལམ་སྲུང་པ་ཚོས་ལོ་ངོ་དུ་མར་ཡུལ་སྐོར་པ་དང་ཁ་ལོ་པ་དེ་དག་གི་བདེ་འཇགས་བརྟན་སྲུང་བྱེད་ཀྱིན་ཡོད། མི་མེད་ལུང་སྟོང་འདི་རུ། ཁོ་ཚོས་ཆེས་སྤྱིར་བཏང་དང་ཆེས་རླབས་ཆེན་གྱི་མི་ཚེ་རང་མདངས་ཅིག་ཅར་མངོན་བཞིན་ཡོད་ཅིང་། ཁོ་ཚོས་བྱ་བའི་དཀའ་ཚེགས་དང་ཆ་རྐྱེན་ལ་འཁང་ར་གཏན་ནས་མི་བྱེད་པར་དེ་ལས་ལྡོག་སྟེ་གཏོང་ཕོད་ཆེན་པོས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་པ་དང་ཁ་ལོ་པར་རོགས་སྐྱོབ་བྱེད་བཞིན་ཡོད་པར་བརྟེན། ཁོ་ཚོ་ནི་གདང་ལ་རི་བོའི་སྟེང་གི་ཆེས་ཡིད་དུ་འོང་བའི་མི་ཡིན་ནོ།
གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།
ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།