“མཁའ་ལམ”གྱི་སོ་སྲུང་པ།
2024.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15


རྩེ་མོ་དགུང་ལ་ཟུག་པའི་གདང་ལ་རི་རྒྱུད་དུས་བཞིར་དཀར་གཙང་གི་ཁ་བས་གཡོགས་ཡོད་ཅིང་། རྔམ་བརྗིད་ཀྱི་ཀློང་ན་རབ་ཏུ་མཐོ། མཚོ་ངོས་ལས་མཐོ་ཚད་ལ་སྨི5231ཡོད་པའི་གདང་ལ་རི་ཁ་རུ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལས་སྒྲུབ་ས་ཚིགས་ཤིག་བཙུགས་ཡོད་ལ། དེ་ནི་ཀྲུང་གོའི་ས་བབ་ཆེས་མཐོ་ཤོས་སུ་ཡོད་པའི་འགྲིམ་འགྲུལ་ཉེན་རྟོག་པའི་ལས་སྒྲུབ་ས་ཚིགས་རེད།

ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ས་བབ་ཆེས་མཐོ་བའི་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ181གི་ལམ་དུམ་ལ་དོ་དམ་བྱེད་ཀྱིན་ཡོད་ཅིང་། ལམ་དུམ་དེ་ནི་བོད་ལྗོངས་དང་ནང་ལོགས་གཉིས་སྦྲེལ་བྱེད་ཀྱི“འཕར་རྩ་ཆེན་པོ”ཡིན་ལ། ལམ་དུམ་དེས་བོད་ལྗོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི70%དང་མི་སྣ་འགྲོ་འོང་གི30%ཡི་འོས་འགན་གཙང་ལེན་བྱེད་ཀྱིན་ཡོད། ལོ་རེར་ཆ་སྙོམས་རླངས་འཁོར་ས་ཡ་གཅིག་དང་འབུམ་གསུམ་ལྷག་ལམ་དུམ་འདིའི་སྟེང་འགྲོ་བཞིན་ཡོད་པ་དང་། ལམ་དུམ་འདིའི་མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་སྨི4800ཡོད་ལ། ལམ་དུམ་འདིའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀོར་ཐིག་མན་གྱི་ཏུའུ་གཅིག་ཡིན། ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཁོར་ཡུག་སྲུང་སྐྱོབ་ཁང་གི་འགོ་གཙོ་གདུགས་དཀར་རྒྱལ་མཚན་གྱིས་བཤད་རྒྱུར།

ལས་ཀ་གཙོ་བོ་ཡིན་ན། ཁ་བ་འབབ་དུས་དང་རླངས་འཁོར་མང་བའི་སྐབས་སུ། ང་ཚོའི་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་ཚང་མ་རོགས་སྐྱོར་ལ་ཞུགས་བཞིན་ཡོད། ཁ་བ་མེད་དུས་ཀྱང་དུས་ཚོད་ཉེར་བཞིའི་རིང་ལམ་ནས་ཞིབ་བཤེར་དང་སྐོར་ཞིབ་བྱེད་དགོས།  རླངས་འཁོར་འགྲོ་བསྐྱོད་དང་ས་མཐོ་བྱུང་བ་སོགས་ཐད་ནས་རོགས་སྐྱོར་བྱེད་དགོས་མཁ་ཚང་མར་དབྱང་དབུགས་སོགས་སྟེར་བ་དང་དེར་འབྲེལ་གྱི་དགོས་མཁོ་ཅི་ཡོད་བསྐང་ཅི་ཐུབ་བྱེད་བཞིན་ཡོད།

ལམ་དུམ་ཧྲིལ་བོར་ཉིན་གཅིག་གི་ཡུན་ལ་གནམ་གཤིས་སྣེ་མང་གི་རྣམ་པ་མངོན་ཞིང་། མཐོ་སྒང་གི་གྲང་རླུང་གིས་གདོང་གི་སྐྱི་པགས་ཕྱིད་པར་བྱེད་ཅིང་ཚ་དྲོད་ལམ་ལམ་འབར་བའི་ཉི་འོད་ཀྱིས་ལུས་པོའི་ཤ་མདོག་བསྒྱུར་བར་བྱེད། དེ་བས་གནས་འདིའི་འགྲིམ་འགྲུལ་ཉེན་རྟོག་པ་རྣམས་ཀྱིས་གྱོན་པ་མཐུག་པོ་དུས་བཞིར་འབྲེལ་མེད་དུ་ལུས་སུ་གྱོན་དགོས་པར་མ་ཟད། དེ་རིང་ལས་གནས་ཀྱི་སྟེང་དུ་བདེ་བར་བརྩོན་བཞིན་ཡོད་ནའང་། ལམ་ངོགས་སུ་ལས་ཀ་སྒྲུབ་པའི་གོ་རིམ་ཁྲོད་དུ་སང་ཉིན་གྱི་ཉི་མ་མཐོང་ཐུབ་མིན་ཡང་བཤད་དཀའ་ལ། འདི་ནི་ཨ་མདོ་འགྲིམ་འགྲུལ་ཉེན་རྟོག་པའི་ལས་ཀའི་ཁོར་ཡུག་གི་མཚོན་ཚུལ་ངོ་མ་ཡིན། ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པ་ཚེ་རིང་དར་རྒྱས་ཀྱིས་བཤད་རྒྱུར།

ངས2016ལོའི་ཟླ8པ་ནས་བཟུང་ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ནས་བྱ་བ་ལས་པ་ཡིན། 2019ལོའི་ཟླ་དང་པོའི་ནང་གནས་འདིར་ཁངས་ཆེན་བབས་པའི་རྐྱེན་གྱིས་རླངས་འཁོར་འགའ་གདང་ལ་རི་བོའི་ལམ་བར་དུ་ཁེགས་པར་རོགས་སྐྱོར་བྱེད་དུ་སོང་བ་ཡིན། དེ་དུས་ས་བབ་མཐོ་བར་བརྟེན་ང་ཚོའི་རྒྱ་མི་བློ་མཐུན་ཚོར་ལུས་པོ་མི་བདེ་བའི་སྣང་ཚུལ་བྱུང་ནས། ང་ཚོའི་རླངས་འཁོར་ཡར་འགྲོ་མ་ཐུབ་ཅིང་ཕྱིར་ཡང་ཡོང་མ་ཐུབ་པས། ང་ཚོ་རྐང་ཐང་དུ་སོང་ནས་ཁོ་ཚོ་རེ་རེ་བཞིན་ཁུར་ནས་སྨན་ཁང་དུ་བསྐྱལ་བ་ཡིན། ལམ་བར་ནས་ཐེངས་གཉིས་གསུམ་ཞིག་ལ་དར་ཆགས་པའི་ལམ་སོགས་ནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་རྩིས་བྱས་མྱོང་།  རྗེས་ཕྱོགས་ངས་གདང་ལ་རི་བོའི་ལམ་དུམ་ནས་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་ཐུབ་པའི་ཡིད་ཆེས་བརྟན་པོ་བཅངས་ཡོད།

ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གྲང་ངར་རབ་ཏུ་རྒོད་ཅིང་དབྱང་རླུང་གིས་མི་འདང་བའི་ལས་ཀའི་ཁོར་ཡུག་ལ་དམིགས་ཏེ། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་རམ་འདེགས་ཉེན་རྟོག་པ་ཚང་མས་རང་བྱུང་ས་བབ་ཀྱིས་བཟོས་པའི་དཀའ་ཁག་ཅི་རིགས་གདོང་གིས་བསུས་ནས། བོད་ལྗོངས་ཀྱི་སྐྱེལ་འདྲེན་བགྲོད་ལམ་གལ་ཆེན་འདིའི་སྟེང་གི་ཁ་ལོ་པ་དང་ཡུལ་སྐོར་པ། འགྲུལ་བཞུད་པ་སོགས་ཀྱི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱས་ཏེ།  འགྲིམ་འགྲུལ་བཀོད་འདོམས་དང་ཆག་སྐྱོན་བྱུང་བའི་རླངས་འཁོར་ཞིག་གསོ། ས་མཐོ་བྱུང་བའི་ཡུལ་སྐོར་པར་རོགས་སྐྱོབ་བྱེད་པ། འགྲུལ་བཞུད་པ་དག་གི་སེམས་ཁམས་གསོ་བ། ལམ་ངོས་ཀྱི་འཁྱགས་དར་འབྲད་པ་སོགས་ཀྱི་ལས་དོན་ཚང་མ་ལྷག་ལུས་མེད་པར་བསྒྲུབས་ནས། རྒྱལ་ལམ109ཡི་མཚོ་བོད་ལམ་ཐིག་དེ་བརྩེ་བ་དང་བྱམས་སེམས་ཀྱིས་བརྒྱན་པའི་གནས་མལ་དྲོན་མོ་ཞིག་ཏུ་བསྒྱུར་བར་འབད་ཀྱིན་ཡོད།

དེ་མིན་ད་དུང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་འདིས་རྒྱལ་ལམ109ཡི་འགྲིམ་འགྲུལ་ཉེན་རྟོག་སྐོར་གཡེང་ས་ཚིགས་དེ་གནས་སྐབས་སྨན་བཅོས་ས་ཚིགས་དང་རོགས་སྐྱོབ་ས་ཚིགས་སུ་བསྒྱུར་ཏེ། འགྲིམ་འགྲུལ་ཉེན་རྟོག་གི་ལས་སྒྲུབ་ས་ཚིགས་འདི་ཉིད་མི་རིགས་ཁག་ཚང་མ་ཕན་ཚུན་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་སའི་འབྲེལ་ཟམ་ལྟ་བུར་བསྐྲུན་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ། ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ས་གནས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ། སྒོར་ཁྲི་དྲུག་དང་སྟོང་བཞི་ལྷག་བཏང་ནས་རླངས་འཁོར་དོ་དམ་ཁང་གི་དམངས་ཕན་བྱེད་ནུས་ཁུལ་ཚད་ལྡན་ཅན་དུ་བཏང་བ་དང་། སྤྱི་བདེ་དང་འགན་སྲུང་། སྨན་ཁང་སོགས་ལས་སྒོ་འབྲེལ་མཐུད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་བ་ལས་གཞན། དུས་འགྱངས་ཞབས་ཞུ་དང་དུས་འཛོལ་ཞབས་ཞུ། ལག་ཁྱེར་སྐྱེལ་སྤྲོད། རིན་མེད་ལས་ཚབ་སོགས་ཀྱི“དམངས་ཕན”བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ལ། མིག་སྔའི་བར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་མང་ཚོགས་ལ་ལས་སྒོ་ཐེངས་ཁྲི་བཞི་ལྷག་བསྒྲུབས་ནས། ལག་ཁྱེར་སྒྲུབ་པའི་དུས་ཡུན་ཆུ་ཚོད་འབུམ་གཉིས་ལྷག་དང་ལག་ཁྱེར་སྒྲུབ་པའི་ལམ་ཚད་སྤྱི་ལེ་ས་ཡ་བཞི་ལྷག་ཇེ་ཐུང་དུ་བཏང་ཡོད། ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པ་པད་མ་ཚེ་རིང་གིས་བཤད་རྒྱུར།

ད་བར་ཨ་མདོ་རྫོང་གི་གཞུང་ལམ་སྔོན་ཆད་དང་མི་འདྲ་བར་འཛུགས་སྐྲུན་ཡག་པོ་བྱས་ཏེ། མང་ཚོགས་ཡར་མར་ལ་འགྲོ་བ་སྟབས་བདེ་ཞིང་། ལམ་ཡང་བདེ་བོར་བཏང་ཡོད་པས། འགྲིམ་འགྲུལ་དོན་རྐྱེན་ཇེ་ཉུང་དུ་སོང་བར་མ་ཟད། མང་ཚོགས་ཀྱི་འགྲུལ་བཞུད་འདུ་ཤེས་ཀྱང་ཇེ་མཐོར་སོང་ཡོད།

ཉེན་རྟོག་པ་ལོ་ཆུང་ཅི་རིགས་སྔ་རྗེས་སུ་ལམ་དུམ་འདིའི་སྟེང་ལས་ཀ་སྒྲུབ་པའི་གོ་རིམ་ཁྲོད་རྐྱེན་ལམ་དུ་ཤོར་བཞིན་ཡོད་པར་བརྟེན། ཁོ་ཚོ་ནི་རང་ཉིད་ཀྱི་རིན་ཐང་བྲལ་བའི་ཚེ་སྲོག་དང་ལང་ཚོའི་གཟི་མདངས“མཁའ་ལམ”གྱི་ཆེད་དུ་ཕངས་མེད་དུ་གཏོང་ཕོད་པའི་སོ་སྲུང་པ་རྣལ་མ་ཡིན་ནོ། །

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

  ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།