ཉིང་ཁྲི་སྨན་རྩིས་ཁང་གིས་དེང་གི་སྨན་བཅོས་བྱེད་སྲོལ་ལག་བསྟར་བྱས།
2024.08.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 11

ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གིས་བོད་སྐྱོར་བྱ་བའི་ཕན་འབྲས་ལ་བརྟེན་ནས་དེང་རབས་ཅན་གྱི་སྨན་བཅོས་བྱེད་སྲོལ་ལག་བསྟར་བྱེད་པར་འབད་བཞིན་ཡོད།

ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གིས་བོད་ཀྱི་སྲོལ་རྒྱུན་གསོ་རིག་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་། བོད་སྐྱོར་བྱ་བའི་ཐབས་ལམ་བརྒྱུད་དེ། ཕྱི་ལུགས་གསོ་རིག་གི་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ནས། དེང་རབས་ཅན་གྱི་སྨན་བཅོས་བྱེད་སྲོལ་ལག་བསྟར་བྱེད་པར་འབད་བཞིན་འདུག

ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་སྔ་གཞུག་ཏུ་བོད་སྐྱོར་ཆེད་མཁས་པ་བཅུ་གསུམ་མངགས་ནས་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་ལ་རོགས་རམ་བྱས་པ་དང་། སྨན་པ་དཀའ་བཅུ་པ་ཡོན་ཧྥེང་ལགས་ནི་དེའི་ཁྲོད་ཀྱི་གཅིག་རེད། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དུ་སློབ་མ་རྣམས་ལ་ཀྲུང་ལུགས་ཀྱི་སྐམ་ཁབ་རྒྱག་སྟངས་དང་ཐུར་དཔྱད་སོགས་ཀྱི་ལག་རྩལ་ཁྲིད་དེ་ལག་ལེན་དུ་བསྟར་པ་ལས་ནད་པ་གང་མང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཉིང་ཁྲི་སྨན་རྩིས་ཁང་སྐམ་ཁབ་ཁང་གི་སྨན་པ་དཀའ་བཅུ་པ་ཚེ་རིང་དཔལ་སྒྲོན་གྱིས་བཤད་རྒྱུར།

“ང་ཚོའི་སྐམ་ཁབ་སྡེ་ཁག་ནང་དུ་གཙོ་བོ་བོད་སྨན་གྱི་སྐམ་ཁབ་ལས་གཞན་ཀྲུང་ལུགས་ཀྱི་སྐམ་ཁབ་རྒྱག་སྟངས་སོགས་སྣ་ཁ་མང་པོ་ཡོད་ལ། དེ་ཚང་མ་དགེ་རྒན་གྱིས་ཁྲིད་པ་ཡིན། དེ་མིན་ཐུར་དཔྱད་སོགས་ཀྱི་ལག་རྩལ་སྤྱད་ན་ནད་པར་ཕན་འབྲས་མགྱོགས་པོ་ཐོན་པ་དང་། དེང་སང་ལོ་ཆུང་རྣམས་ཀྱིས་ཁ་པར་རྩེད་པ་དང་གློག་ཀླད་བཀོལ་བ་སོགས་ལས་ཀ་མང་པོ་ལས་ཀྱིན་ཡོད་ལ། དགོང་མོ་གཉིད་ཆག་པ་སོགས་བྱས་ཚེ་སྐེ་ཚིགས་སོགས་ཀྱི་ནད་མང་པོ་འབྱུང་བཞིན་ཡོད། དེ་བས་དེ་དག་གི་ཐད་ཐུར་དཔྱད་ལག་རྩལ་བཀོལ་ན་ཕན་འབྲས་ཆེན་པོ་ཡོད་པ་དང་། ང་རང་ཉིད་ཀྱིས་ཀྱང་དེའི་ལག་རྩལ་སྦྱང་བཞིན་ཡོད་པས། མ་འོངས་པར་དེ་དག་བེད་སྤྱད་ནས་ནད་པར་ཞབས་འདེགས་ཞུ་རྒྱུ་ཡིན།”

ཉེ་བའི་ལོ་འདི་དག་གི་རིང་ལ། ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གིས་ཚན་རིག་ཞིབ་འཇུག་ལས་གཞི་སྙན་ཞུ་དང་དེའི་ཐད་ཀྱི་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་བཏང་ནས། མིག་སྔར་ཞིབ་འཇུག་བྱ་གཞི་ཁག་བརྒྱད་ཀྱི་ཚན་རིག་ཞིབ་འཇུག་ལས་གཞིའི་ནང་སྣ་བདུག་དང་མགོ་ལུམས། ཧོར་མེ་བཅས་ཀྱི་འབྲེལ་ཡོད་ཞིབ་འཇུག་བྱ་གཞི་ཡོངས་འགྲུབ་བྱས་ཡོད་ཅིང་། ད་དུང་ཞིབ་འཇུག་བྱ་གཞི་ཁག་ལྔ་ལག་བསྟར་བྱེད་བཞིན་ཡོད། སྨན་རྩིས་ཁང་འདིས་གསར་གཏོད་བྱས་པའི་མགོ་ལུམས་གསོ་བཅོས་བྱེད་ཐབས་དེ་རླུང་གྲིབ་དང་བད་རླུང་མགོ་འཁོར། གཉིད་ཡེར་བ། མགོའི་པགས་ནད། སྐྲ་དཀར་ནད་སོགས་ལ་ཤིན་ཏུ་ཕན། མགོ་ལུམས་གསོ་བཅོས་ཁང་གི་སྨན་པ་དཀའ་བཅུ་པ་ཕུར་བུ་གསལ་སྒྲོན་གྱིས་བཤད་རྒྱུར།

“གཞུང་ལུགས་ཀྱི་ཁྱད་ཆོས་ལྟར་སྤྱིར་བཏང་གཏར་ག་དང་དཔྱད། སྦྱོངས། མེ་བུམ། མེ་བཙའ་སོགས་ལག་རྩལ་ཆ་ཚང་བེད་སྤྱོད་གཏོང་བཞིན་ཡོད་པས། ནད་པར་སྨན་བཅོས་བྱེད་པ་སོགས་ཀྱི་ཐད་ཕན་འབྲས་ཅུང་ཙམ་ཐོན་བཞིན་ཡོད། ད་ལྟ་ང་ཚོའི་སྨན་ཁང་གི་ཁྱད་ཆོས་གཙོ་བོ་ནི་མགོ་ལུམས་སྨན་བཅོས་ཁང་དང་ད་ལྟ་བེད་སྤྱོད་གཏོང་བཞིན་པའི་སྨན་ཡིན་ན་འདྲ་དེ་དག་ཚང་མ་ང་ཚོའི་སྨན་ཁང་གི་གསར་གཏོད་ཅིག་རེད། མགོ་ལུམསཀྱིས་གཙོ་བོ་གཉིད་མི་ཁུག་པ་དང་ཁྲག་རླུང་མི་སྙོམས་པ། མགོ་ཡི་རླུང་ཁྲག་མི་སྙོམས་པ་སོགས་རླུང་གི་ནད་མང་ཆེ་བ་གསོ་བཅོས་བྱེད་བཞིན་ཡོད་ལ། ཕན་འབྲས་ཆེན་པོ་ཐོན་བཞིན་ཡོད།”

ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གི་སྙན་པའི་གྲགས་པ་ཇེ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། སྨན་བཅོས་བྱེད་དུ་ཡོང་བའི་ནད་པ་ཡང་ཇེ་མང་དུ་ཕྱིན་ལ། སྨན་པ་རྣམས་ཀྱིས་ལྷག་བསམ་དཀར་པོས་སྨན་བཅོས་བྱས་ཏེ་ནད་པ་མང་པོ་དྲག་སྐྱེད་བྱུང་དུ་བཅུག་ཡོད། བསྐུ་མཉེ་ཁང་གི་སྨན་པ་བསྡུས་ར་བ་ནོར་འཛིན་ལྷ་མོས་བཤད་རྒྱུར།

“ཉིན་གཅིག་ལ་ནད་པ་ཉི་ཤུ་ལྷག་ཡོད་པ་དང་ནད་བཅོས་བྱེད་པར་ཅུང་དཀའ་ལས་ཡོད་མོད། མུ་མཐུད་དུ་ནད་པ་དྲག་སྐྱེད་ཡོང་བའི་ཆེད་དུ་འབད་བརྩོན་བྱ་རྒྱུ་ཡིན།”

སྨན་རྩིས་ཁང་འདིས་ནད་ཐོག་སྨན་བཅོས་དང་གསོ་རིག་གཞུང་ལུགས་སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་ཀྱི་ཐད་བོད་ལུགས་གསོ་རིག་གི་གཞུང་ལུགས་དང་ལག་ལེན་དེ་ཕྱི་ལུགས་གསོ་རིག་གི་ལག་རྩལ་དང་གཞུང་ལུགས་ལ་ཟུང་སྦྲེལ་བྱས་ཏེ། སྔོན་ཐོན་གྱི་དེང་རབས་གསོ་རིག་ལག་རྩལ་བེད་སྤྱོད་བྱེད་བཞིན་ཡོད་ལ། བོད་ལུགས་དང་ཀྲུང་ལུགས། ཕྱི་ལུགས་བཅས་ཀྱི་གསོ་བཅོས་བྱེད་ཐབས་མཉམ་དུ་སྦྲེལ་ནས་ནད་པར་སྨན་བཅོས་ཇུས་གཞི་ཡག་ཤོས་མཁོ་འདོན་བྱེད་ཀྱིན་ཡོད། ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གི་ཡོན་ཀྲང་ནོར་རྒྱས་ཀྱིས་བཤད་རྒྱུར།

“ཉིང་ཁྲི་སྨན་རྩིས་ཁང་ནི་སྨན་བཅོས་དང་སློབ་གསོ། ཚན་རིག་ཞིབ་འཇུག སྨན་རྫས་ཐོན་སྐྱེད་བཅས་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྨན་ཁང་ཞིག་ཡིན། བོད་སྨན་རྒྱུད་འཛིན་བྱེད་ཐུབ་པ་ཐམས་ཅད་ལག་ལེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་ལུགས་གསོ་རིག་གི་གསོ་བཅོས་བྱེད་སྟངས་ཡིན་ན་འདྲ། ཕོ་ཤེལ་གྱི་བརྟག་དཔྱད་སོགས་ལག་བསྟར་ཡག་པོ་བྱེད་བཞིན་ཡོད། ང་ཚོའི་སྨན་ཁང་ལ་ཆ་བཞག་ན་སྨན་བཟོ་གྲྭ་ཞིག་ཡོད་པ་དང་། སྨན་བཟོ་གྲྭ་དེའི་ནང་དུ་སྨན་སྣ་བརྒྱ་ལྷག་སྡེབ་སྦྱོར་བྱེད་བཞིན་ཡོད་ལ། དེ་དག་ཚང་མར་སྨན་བཟོ་ཆོག་པའི་ཨང་རྟགས་བླངས་ཡོད། བོད་སྨན་དེ་དག་ང་ཚོའི་སྨན་ཁང་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་མ་ཟད་རྫོང་དང་ཡུལ་ཚོའི་བོད་སྨན་ཁང་དུ་ཡང་བེད་སྤྱོད་བཏང་ཆོག སྒོ་བསྟེན་ཚན་ཁག་ལ་མཚོན་ན་ལོ་གཅིག་གི་ནང་བོད་སྨན་བཀོལ་སྤྱོད་བྱེད་པའི་ནད་པ་བརྒྱ་ཆའི་གོ་ལྔར་སླེབས་ཡོད་ལ། ནད་སྟོན་སྨན་ཁང་དུ་བོད་སྨན་བེད་སྤྱོད་བྱེད་པའི་ནད་པ་བརྒྱ་ཆའི་གོ་དྲུག་ལ་སླེབས་ཡོད། བོད་ལུགས་གསོ་རིག་གི་ཁྱད་ཆོས་ཡོད་པའི་ལག་ལེན་བེད་སྤྱོད་བྱེད་པའི་ནད་སྟོན་སྨན་ཁང་གི་ནད་པ་བརྒྱ་ཆའི་གོ་བདུན་ལ་སླེབས་ཡོད།”

ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ནི། བོད་ལྗོངས་རོགས་སྐྱོར་བྱ་བའི་བསྡུས་གཟུགས་ཤིག་ཡིན་ལ། དེ་ནི་མེས་རྒྱལ་ནང་ལོག་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་དང་བོད་ཀྱི་ལས་བྱེད་པས་གངས་ལྗོངས་ས་མཐོ་རུ་བསྟུད་མར་འབད་འཐབ་བྱས་པ་ལས་བླངས་པའི་ངོ་མཚར་གྲུབ་འབྲས་ཀྱི་བསྡུས་གཟུགས་ཡིན་ནོ།།


གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

  ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།