ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པ་ནི1987ལོའི་ཟླ9པར་བཙུགས་པ་དང་། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་གླུ་གཞས་དང་ཞབས་བྲོ། གར་ཆུང་སོགས་གསར་རྩོམ་དང་འཁྲབ་སྟོན་བྱེད་རྒྱུ་གཙོ་བོར་འཛིན་པའི་ཆེད་ལས་ཅན་གྱི་མི་རིགས་སྒྱུ་རྩལ་ཚོགས་པ་ཞིག་རེད།
ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པ་བཙུགས་ནས་ད་སྔའི་བར་དུ། ཚོགས་པ་འདིས་གྲོང་ཁྱེར་གྱི་ཐག་རིང་ས་དང་ཐག་ཉེ་སའི་གྲོང་གསེབ་དང་ཕྱུགས་ར། སློབ་གྲྭ། ཁེ་ལས། དཔུང་སྡེ་བཅས་སུ་འཁྲབ་སྟོན་བགྲང་གིས་མི་ལངས་པ་བྱས་ཏེ། ས་གནས་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་ཆེས་ཆེར་བསྐངས། དེ་མིན་ད་དུང་རིག་རྩལ་འཁྲབ་སྟོན་ཆེ་མ་ཆུང་གསུམ་དང་མགྲོན་པོ་གལ་ཆེན་སྣེ་ལེན་འཁྲབ་སྟོན། རིག་གནས་བརྗེ་རེས་བྱ་འགུལ། འགྲན་སྡུར་གང་མང་བཅས་ལ་ཞུགས་ནས། རྒྱལ་ཁབ་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་བྱ་དགའ་ཐེངས་མང་བླངས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་ཧྲང་ཧའེ་འཛམ་གླིང་དངོས་མང་བཤམས་སྟོན་སྟེང་འཁྲབ་སྟོན་བྱས་མྱོང་།
སྒྱུ་རྩལ་ཚོགས་པ་འདི་སྔ་རྗེས་སུ་འཇར་མན་དང་ཨོ་སི་ཁྲུ་རི་ཡ། དབྱི་ཐ་ལི་སོགས་ཕྱིའི་རྒྱལ་ཁབ་དང་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་རིག་གནས་བརྗེ་རེས་འཁྲབ་སྟོན་བྱེད་སྒོའི་ཁྲོད་ཐེངས་མང་ཞུགས་ནས། འཛམ་གླིང་ལ་ཉིང་ཁྲིའི་རིག་གནས་དང་དེང་རབས་ས་མཐོའི་མིའི་རྣམ་པ་གསར་པ་མངོན་པར་བསྟན་པར་མ་ཟད། ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཉིང་ཁྲི་ཡི་མཚན་སྙན་སྔར་ལས་ཇེ་མཐོར་གཏོང་ཆེད་བྱས་རྗེས་གང་ལེགས་འཇོག་བཞིན་ཡོད།
ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། གྲོང་ཁྱེར་ཏང་ཨུ། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་རོགས་རམ་འོག དུས་ཆེན་འཁྲབ་སྟོན་ཆེ་གྲས་དང་སྣེ་ལེན་འཁྲབ་སྟོན་གྱི་ལས་འགན་ཡོད་ཚད་ལྷག་ལུས་མེད་པར་ཡོངས་འགྲུབ་བྱས་ཡོད་པར་མ་ཟད། ད་དུང་སྒྱུ་རྩལ་ཚོགས་པ་རང་སྟེང་གི་གསར་རྩོམ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། དར་ཁྱབ་ཆེ་བའི་རོལ་དབྱངས་དང་ཞབས་བྲོ། གཞས་གདངས་སྒྱུ་རྩལ་བཅས་དང་ལེན་བྱེད་ཀྱིན་ཡོད་ལ། ས་གནས་རང་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་ལེགས་སྒྲིག གསར་རྩོམ་བཅས་ཀྱི་ཐད་འབད་འབུངས་ལྷུར་ལེན་བྱེད་མུས་ཡིན། ཉིང་ཁྲི་མི་རིགས་སྒྱུ་རྩལ་ཚོགས་པའི་འཁྲབ་ཁྲིད་པ་པ་སངས་ཚེ་རིང་གིས་བཤད་རྒྱུར།
“ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མི་རིགས་སྒྱུ་རྩལ་ཚོགས་པའི་ཆ་རྐྱེན་ཡིན་ན་འདྲ། འཁྲབ་ཁྲིད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་། དེའི་རིང་ལ་རྒྱལ་ཁབ་ཀྱིས་མི་སྣ་དང་ཆ་རྐྱེན་སོགས་ཕྱོགས་གང་ཅིའི་ཐད་ནས་རོགས་རམ་ཆེན་པོ་བྱས་ལ། གསར་རྩོམ་བྱས་པའི་ལེ་ཚན་སོགས་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།”
ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་སྣ་ཚོགས་བརྒྱུད་དེ། ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་དྲིལ་སྒྲོག་བྱས་དང་བྱེད་བཞིན་ཡོད་པ་དང་། ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་གླུ་རུ་ལེན་བཞིན། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཀྱི་སྐྱིད་སྣང་དང་ཐོབ་ཚོར་ལེགས་པར་མཚོན་བཞིན་ཡོད།
ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ།
གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།
ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།