ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་བཅར་འདྲིའི་བྱེད་སྒོ་ཆེན་པོ། ཤེས་དཔལ་གྱི་ལམ། བདེ་སྐྱིད་ཀྱི་གཏམ་ཞེས་པའི་མཉམ་འབྲེལ་བཅར་འདྲིའི་ཚན་ཆུང་ཁྲོན་བོད་གཞུང་ལམ་བརྒྱུད་ནས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐང་མེད་གྲོང་རྡལ་དུ་ཐོན་པ་ན། རྒྱལ་ལམ318ཐང་མེད་ལམ་དུམ་གྱི་མིད་པར་གྱུར་ཞིང་། ཡིད་འོང་གཙང་བོའི་སྟེང་དར་དཀར་བཞིན་འཐེན་པའི་ཐང་མེད་ཟམ་ཆེན་མིག་མདུན་དུ་མངོན་བྱུང་། མི་ལ་ལས་བཤད་ན“གལ་ཏེ་ཁྱེད་ཀྱིས་ཐང་མེད་ཟམ་ཆེན་མ་བརྒྱུད་པ་ཡིན་ན། ཁྲོན་བོད་གཞུང་ལམ་གྱི་དཀའ་ཁག་ནམ་ཡང་ཤེས་མི་སྲིད”ཅེས་པའི་བཤད་སྲོལ་ཡོད་པ་རེད། ཐང་མེད་ཟམ་ཆེན་འདི་མ་ལས་པའི་སྔོན་ལ། མི་ཐར་དཀའ་བའི་འགག་འཕྲང་དོག་མོ་ཞིག་ཡིན་པའི་རྐྱེན་གྱིས། གནས་འདི་བརྒྱུད་པ་དེ་ཤི་གསོན་གཉིས་ཀྱི་གདམ་གར་གྱུར་ཡོད། ཐང་མེད་ཟམ་ཆེན་འདི་ལས་རྗེས་མི་རྣམས་བོད་ལྗོངས་སུ་བསྐྱོད་པར་སྟབས་བདེ་དང་བདེ་འཇགས་གང་མང་བསྐྲུན་ཡོད།
ཐང་མེད་ཟམ་ཆེན་དེ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཐང་མེད་གྲོང་རྡལ་དུ་ཡོད་ལ།ཟམ་པའི་རིང་ཚད་ལ་སྨི256ཡོད་པ་དང་ཞེང་ཚད་ལ་སྨི12ཡོད། ཐང་མེད་ཟམ་ཆེན་འདི2012ལོའི་ཟླ9པར་ལས་མགོ་བརྩམས་ཤིང་། 2015ལོའི་ཟླ12པར་དངོས་སུ་རླངས་འཁོར་ཤར་གཏོང་བྱས། ཐང་མེད་ཟམ་ཆེན་ཡོད་སའི་ཆ་སྙོམས་མཚོ་འཕང་སྨི་ཉིས་སྟོང་ཡན་ལ་སླེབས་ཡོད་ལ། ཟམ་པ་དེས་ཚད་རིམ་བརྒྱད་ཀྱི་ས་ཡོམ་དང་ཆུ་ལོག་ཆེན་པོའི་གནོད་འཚེ་འགོག་ཐུབ།
ཐང་མེད་ཟམ་ཆེན་ནི་ཁྲོན་བོད་གཞུང་ལམ་ལྷོ་ཕྱོགས་རྒྱལ་ལམ318ཀྱི་ལམ་ཐིག་གཙོ་བོ་ཞིག་ཡིན་ལ། གནས་དེར་ལོ་རྒྱུས་དུས་སྐབས་མི་འདྲ་བའི་ཟམ་པ་གསུམ་གནས་ཡོད་ཅིང་། ཟམ་པ་དང་པོ་དེ1950ལོར་བསྐྲུན་པ་དང་། 2000ལོར་ཡིད་འོང་གཙང་བོའི་ཆུ་རགས་ཤོར་བ་ལས་གཏོར་བརླག་ཚབས་ཆེན་ཐེབས།ཐང་མེད་ཟམ་པ་གཉིས་པ་དེ2013དང2015ལོར་སྔ་གཞུག་ཏུ་གས་སྐྱོན་བྱུང་།ད་ལྟའི་ཐང་མེད་ཟམ་པ་འདིའི་སྟེང་རླངས་འཁོར་ཤར་གཏོང་བྱས་རྗེས། སྔོན་གྱི་ཟམ་པ་དེ་གཉིས་བཀོལ་སྤྱོད་བྱེད་མཚམས་བཞག་པ་དང་། ཟམ་པ་གསུམ་པོ་དེ་ཚང་ཚིང་ལྗོན་པའི་མཐའ་ནས་སྐོར་བའི་ཡིད་འོང་གཙང་བོའི་སྟེང་གི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།
ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།