སྤོ་བོ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་ཕར་ལུང་གཙང་པོ་དང་ཡིད་འོང་གཙང་པོའི་རྒྱུད་དུ་ཡོད་ཅིང་། དེར་སྟོད་སྨད་གཉིས་སུ་ཕྱེ་བའི་ཕར་ལུང་གཙང་པོའི་ཆུ་རྒྱུད་ལ་སྤོ་སྟོད་དང་ཡིད་འོང་གཙང་པོའི་ཆུ་རྒྱུད་ལ་སྤོ་སྨད་ཅེས་ཟེར། གནས་འདི་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན། ལོ་རྒྱུས་ཆོས་འབྱུང་ཁག་ཏུ། “སྐབས་དེར་སྤུ་བོའི་ཡུལ་དུ་སྐྱེས་པའི་ཨུ་བེ་ར་བྱ་བའི་མི་ཞིག་བྱུང་བ་དེ། གཤིས་རྒྱུད་གྱོང་ལ་དཔའ་རྩལ་དང་སྙིང་སྟོབས་གཞན་གྱིས་འགྲན་ཟླ་དང་བྲལ་བ་ཞིག་བྱུང་བ་དེ་ཉིད། ཡུལ་ཡར་ཀླུང་དུ་ཕེབས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། སྟོད་ཀྱི་མངའ་རིས་སྐོར་གསུམ་གྱི་རྒྱལ་ཕྲན་རྣམས་ཕུད་པའི་རྒྱལ་ཕྲན་ཕལ་ཆེར་དབང་དུ་བསྒྱུར་ཏེ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་སྙན་གྱི་ཅོད་པན་གསོལ་བ་ལ།བོད་དུ་རྒྱལ་པོའི་མཚན་ཅན་ཐོག་མར་བྱུང་བའི་རྒྱལ་རབས་དང་པོ་དེ་ཡིན”ཞེས་འཁོད་ཡོད།
རྒྱལ་ལམ318ནས་ཐོན་ཏེ་རི་ལམ་ཀྱག་ཀྱོག་དུ་མ་བརྒྱུད་དེ་རི་ལྡེབས་མང་པོ་བསྐོར་རྗེས། བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་ཞིག་ལམ་གྱི་གཡས་ཕྱོགས་སུ་མིག་ལམ་དུ་གསལ་ལེར་སྣང་འོང་བ་ནི་སྤོ་བོ་རྫོང་རྒུ་ཡུལ་ཚོ་ཀ་གནམ་གྲོང་ཚོ་ཡིན་ཞིང་། གྲོང་ཚོ་ཧྲིལ་པོ་ཀ་གནམ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་གནས་པ་དང་། ཕྱོགས་བཞི་རི་བོས་བསྐོར་ཡོད་ཅིང་གངས་དཀར་པོས་ཁ་བའི་དབུ་ཞྭ་མནབས་པ། རོང་དུ་མེ་ཏོག་དང་རྩྭ་རྩི་ཤིང་གིས་ཁེབས་ཡོད་ཅིང་། ནམ་མཁའི་མཐོངས་སུ་སྤྲིན་དཀར་ཚོམ་བུས་བརྒྱན་པ་དང་བརླན་བཤེར་མངལ་དུ་སྦྲུམ་པའི་མཁའ་དབུགས་གཙང་ཞིང་བསིལ་འཇམ་རླུང་བུ་དལ་གྱིས་ལྡང་བ། མུ་མེད་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་གཅིག་ལ་གཅིག་འགྲན་གྱིས་ཁྲ་ཆིལ་ལེར་བཞད་པ། ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་གསེབ་ན་བྱ་བྱེའུ་སྣ་ཚོགས་ཀྱི་ཡིད་འོང་སྙན་པའི་གྲེ་འགྱུར་གྱིས་རོལ་དབྱངས་ཡོད་ཚད་ཟིལ་གྱིས་གནོན་པ། སྐར་ཚོགས་ས་ལ་འཕོས་འདྲའི་རུ་སྡེ་མང་པོ་དམའ་བ་རོང་ཤོད་དུ་གཅལ་དུ་བཀྲམ་པ། སྔོ་ཐིང་ངེར་འཁྱིལ་བའི་ཀ་གནམ་མཚེའུ་ནི་གྲོང་ཚོའི་ཤོད་དུ། གནས་འདིའི་མཛེས་པའི་རང་ཞལ་སྟོན་བྱེད་དུ་མེ་ལོང་གི་གཟུགས་སུ་གཡུ་ཡིས་ཕྲ་ཚོམ་བཏབ་པ་ལྟར་གནས་ཡོད། གྲོང་ཚོ་འདི་ཉིད་འཛམ་གླིང་གི་ཁམ་བུའི་མེ་ཏོག་གི་ཡུལ་ལུང་ཆེ་ཤོས་ཏེ་སྤོ་བོ་རྫོང་གི་ཁམ་བུའི་མེ་ཏོག་གི་ཡུལ་ལུང་མདོ་ཁ་རུ་ཆགས་ཡོད་ལ། གྲོང་ཚོ་འདིས་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་དང་སྐྱེ་ཁམས་ལ་བརྟེན་ནས་བདེ་སྡོད་དང་ཕྱུག་འགྱུར་ཡོང་བར་འབད་འབུངས་བྱེད་བཞིན་འདུག ཀ་གནམ་གྲོང་ཚོའི་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་ཚེ་དབང་སྒྲོལ་མས་བཤད་རྒྱུར།
“གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ཐོན་པ་ནས་བཟུང་། ཁྱིམ་ཚང་རེ་རེའི་སྒོ་ལམ་དུ་ཨར་འདམ་གྱི་ལམ་ལས་པ་དང་། ལམ་ཐག་ཆེས་རིང་བར་སྤྱི་ལེ་དྲུག་ཅུ་ནས་བདུན་ཅུ་ཙམ་ཡོད། ཁྱིམ་ཚང་རེར་ཕྱུགས་ཁང་ལས་ལ། མང་ཚོགས་ལ་ཡོང་སྒོ་སྒོར་ཁྲི་དྲུག་བགོས། ཁོར་ཡུག་སྲུང་སྐྱོབ་བྱས་པས་ད་ལྟ་ཁོར་ཡུག་སྔར་ལས་ཇེ་མཛེས་སུ་གྱུར་ཡོད་ལ། ཏང་ཡོན་གྱིས་ཟླ་རེར་བྱ་འགུལ་ཐེངས་རེར་སྤེལ་ནས་གཙང་སྦྲ་བྱེད་ཀྱིན་ཡོད། ང་ཚོའི་སྡེ་བ་ནི་གཙོ་བོ་ཡུལ་སྐོར་རྟེན་གཞི་རུ་གྱུར་ཡོད་པས། སྡེ་བ་རེར་ཡོང་འབབ་སྒོར་ཁྲི་བཅུ་བཞི་ལྷག་ཡོད་པ་དང་། སྡེ་བར་ཁྱིམ་ཚང་བརྒྱད་ཅུ་གྱ་ལྔ་ཡོད་ལ་ལོ་མཇུག་ཏུ་ཚང་མར་བགོ་བཤའ་རྒྱག་བཞིན་ཡོད། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། དེ་དག་ཡོད་ཚད་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།”
གྲོང་གསེབ་དར་རྒྱས་ཀྱི་ལས་དོན་སྤེལ་བ་ནས་བཟུང་ཀ་གནམ་གྲོང་ཚོས་ཐུན་མོང་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དང་བློ་གྲོས་གཅིག་སྡུད་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་གང་ལེགས་བྱེད་ཀྱིན་ཡོད།
ཟླ་བཞི་པ་ཚེས་པ་དང་བསྟུན་ནས་དཔྱིད་ཀྱི་བདག་མོ་ལྷ་ལས་བབས་ཏེ། ཀ་གནམ་གྲོང་ཚོའི་འདབས་སུ་ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་དང་། སྔོ་ཐིང་ཐིང་གི་ཞིང་ཁ་དང་ཁྱད་ཆོས་ལྡན་པའི་བོད་ཀྱི་སྡོད་ཁང་། ཉེ་འཁོར་གྱི་ཚང་ཚིང་ལྗོན་ཤིང་། ཐག་རིང་གི་གངས་རི་བཅས་གཅིག་ལ་གཅིག་འགྲན་ལྟར་ནུབ་ཁའི་ཉི་འོད་ཁྲོད་ལྟ་ན་སྡུག་པའི་རི་མོ་ཞིག་དང་གཉིས་སུ་མ་མཆིས། གནས་འདིར་ཐུན་མོང་མ་ཡིན་པའི་རང་བྱུང་གི་ཡུལ་སྐོར་ཐོན་ཁུངས་འཛོམས་ས་ཞིག་ཡིན་པར་བརྟེན། དམིགས་བསལ་གྱི་རང་བྱུང་ཁམས་ཆེན་མོའི་ལེགས་ཆ་དང་ཡུལ་ཁམས་རིག་གནས་ཀྱི་དགེ་མཚན་བེད་སྤྱོད་ཡག་པོ་བྱས་པ་དང་། ཁྱད་པར་དུ་སྤོ་བོ་རྫོང་ཡོངས་ཡུལ་སྐོར་དཔེ་མཚོན་རྫོང་དུ་འཛུགས་སྐྲུན་བྱེད་པའི་འགྲོས་དང་བསྟུན་ནས། ནུས་ཤུགས་ཆེན་པོས་ཞིང་ལས་སྐྱེ་ཁམས་ཡུལ་སྐོར་དང་གྲོང་གསེབ་ཀྱི་སྤྲོ་གསེང་ཉམས་ལེན་ཡུལ་སྐོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་སུ་བཏང་བས། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མངོན་སུམ་གྱིས་ཇེ་མཐོར་ཕྱིན་ཡོད། ཀ་གནམ་མགྲོན་ཁང་གི་སྦྱིན་བདག་བདེ་ཆེན་དབང་མོས་བཤད་རྒྱུར།
“གཡང་འཛོམས་མགྲོན་ཁང་གླས་ནས་ལོ་བཅུ་དྲུག་ལྷག་འགོར་བ་དང་། ཐེངས་དང་པོར་གླ་སྐབས་ཁང་བ་འདི་གཅིག་པུ་མ་གཏོགས་མེད། ཡུལ་སྐོར་གྱི་ཡོང་འབབ་མང་པོ་ལེན་ཐུབ་པས། སྡེ་བའི་ནང་དུ་ཁང་བ་གླས་ནས་མང་ཚོགས་ལ་སྣེ་ཁྲིད་བྱས་པ་དང་། དེ་ནས་རིམ་བཞིན་སྡེ་བའི་ཁང་པའི་ཆ་རྐྱེན་ཇེ་ལེགས་སུ་སོང་བས། ཁྱིམ་ཚང་རེར་མགྲོན་པོ་འདུག་སའི་ཁང་པ་བཅུ་ནས་བཅོ་ལྔ་ལྷག་ཡོད་པ་དང་། ང་རང་ལ་མཚོན་ན་ཁང་བ་ཇེ་ལེགས་སུ་བཏང་བ་དང་བསྟུན་ནས་མལ་ཁྲི་སུམ་ཅུ་ལྷག་ཡོད། སྡེ་བའི་ནང་གི་སྡེ་མི་ས་གཞན་ལ་ཞོར་ལས་སུ་འགྲོ་མི་དགོས་པར་ང་ཚོའི་གནས་འདིར་ཞབས་ཞུ་བྱེད་དུ་ཡོང་ཆོག་ལ། གླ་ཆ་ཆེས་དམའ་བ་ཡང་སྒོར་སྟོང་བཞི་ལྔ་བརྒྱ་ནས་སྟོང་ལྔ་དང་སྟོང་དྲུག་སོགས་མི་འདྲ་བ་ཡོད། དེང་སྐབས་ལོ་གཅིག་གི་ནང་ཡོང་འབབ་ཁྲི་དྲུག་ཅུ་ཙམ་ལེན་ཐུབ་པ་དང་། ཡུལ་སྐོར་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་ང་ཚོའི་ཡོང་སྒོ་ཡང་ལོ་རེ་ནས་ལོ་རེར་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད།”
དེང་སྐབས་སྐྱེ་ཁམས་ཞིང་སྡེའི་ཡུལ་ལྗོངས་ལ་དགའ་བའི་མི་མང་པོ་ཀ་གནམ་གྲོང་ཚོར་སྤྲོ་གསེང་དུ་བུང་བ་སྤྲིན་གྱི་ཚོགས་བཞིན་ངང་གིས་འདུ་བཞིན་ཡོད་ཅིང་། མགྲོན་པོ་དེ་དག་གི་དགོས་མཁོ་སྐོང་ཆེད་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང18ལྷག་བཙུགས་ཡོད་པར་མ་ཟད། ད་དུང་སྡེ་བའི་ཐུན་མོང་ཁྱིམ་ཚང་མགྲོན་ཁང་ཡང་བཙུགས་ཡོད། 2023ལོར་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་གཉིས་སྟོང་ལྔ་ལྷག་སྣེ་ལེན་ཞུས་པ་དང་། གྲོང་མི་ཚོས་ཡུལ་སྐོར་ཞབས་ཞུའི་ནང་འབད་པས་ཞུགས་པ་དང་ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་བྱས་ཏེ་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བཞི་ལྷག་བཙལ་ཐུབ་ཡོད།
ཀ་གནམ་གྲོང་ཚོས་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཅངས་ནས། ཚན་རིག་དང་མཐུན་པའི་འཆར་འགོད་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཚན་རྩལ་གསར་གཏོད། སྲིད་ཇུས་ལ་བརྟེན་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་པར་བརྟེན། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ལྗང་མདོག་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། ས་མཐོའི་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། ཀ་གནམ་གྲོང་ཚོའི་སྡེ་མི་ཆོས་འཕེལ་གྱིས་བཤད་རྒྱུར།
“ང་རང་ལོ་དྲུག་ཅུ་ལྷག་ཡིན་ལ། དེང་སྐབས། གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོའི་འོག རང་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལམ་ཚང་མ་སྣུམ་ལམ་ཡིན་པ་དང་། ཁྱིམ་ཚང་རེར་རང་འབབ་ཆུ་འཐེན་ཡོད་ལ། སློབ་གྲྭ་འགྲོ་མཁན་ཚང་མ་སློབ་ཡོན་རྒྱལ་ཁབ་ཀྱིས་སྟེར་བཞིན་ཡོད་པས། ང་རང་གི་སེམས་སུ་གུང་ཁྲན་ཏང་ལ་དངོས་གནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཁྱིམ་ཚང་རེ་རེའི་སྒོ་ཁར་ལམ་འཐེན་པ་དང་ཆུ་འཐེན་ཡོད། གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོ་མེད་ན་དེང་སྐབས་ཀྱི་བདེ་སྐྱིད་འཚོ་བ་ཡོད་མི་སྲིད། དེང་མ་གློག་མེད་པར་སྒྲོན་མེ་བཀར་ནས་འདུག་དགོས། དེང་སྐབས་ལུས་པོ་བཀྲུ་ས་སོགས་ཡོད་པས་ཏང་དང་རྒྱལ་ཁབ་ལ་དངོས་གནས་ཐུགས་རྗེ་ཆེ་ཞུ།”
2021ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་གནང་སྐབས་སྲུང་སྐྱོབ་སྔོན་ལ་འཛིན་རྒྱུ་རྒྱུན་འཁྱོངས་དང་། རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚོ། མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། གཙང་པོ་དང་ཆུ་བོ་བཞུར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོར་ཤུགས་སྣོན་པ། ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པར་སྤྱི་འདོམས་བཅས་བྱས་ནས། གནས་འདིའི་སྐྱེ་དངོས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀུན་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད། སྐྱེ་ཁམས་ནི་ཉིང་ཁྲིའི་ཐོན་ཁུངས་ཆེ་ཤོས་དང་ལེགས་ཆ་ཆེ་ཤོས། མཛེས་སྡུག་ལྡན་ཤོས་བཅས་ཀྱི་རྨང་རྟེན་ཡིན་ལ། ཀ་གནམ་གྲོང་ཚོས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ལྟར་དུ། ས་མཐོའི་སྐྱེ་དངོས་དང་རྩྭ་རྩི་ཤིང་དང་རི་ཆུར་སྲུང་སྐྱོབ་ཡག་པོ་བྱས་ནས། “སྔོ་ལྗང་རི་ཀླུང”མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་འབྱུང་ཁུངས”སུ་འགྱུར་བར་འབད་ཀྱིན་ཡོད།
ཀ་གནམ་གྲོང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཟུང་འབྲེལ་བྱས་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་རུ་བསྒྱུར་ཏེ། སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན་མཉམ་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་བསྐྲུན་ཡོད།དེ་མིན་ད་དུང་ཀ་གནམ་གྲོང་ཚོས་སྐྱེ་ཁམས་ཞིང་ལས་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་བས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནུས་ལྡན་བྱེད་པའི་རྨང་གཞིའི་སྟེང་དུ། དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ནས། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུར་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།
ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།