ལག་ཤེས་བཟང་བོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ཐད་ནུས་པ་ཐོན།
2024.08.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་བོད་ཤོག་དང་བོད་གྲི་སོགས་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱས་ཏེ། ས་གནས་རང་གི་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་བཞིན་འདུག

སྤོ་བོ་རྫོང་དུ་རྩི་ཤིང་གི་ཐོན་ཁུངས་ཤིན་ཏུ་ཕུན་སུམ་ཚོགས་ཤིང་། སྤོ་ཤོག་ནི་ཀུན་གྱིས་ཁས་ལེན་པའི་བོད་ཤོག་ཡག་ཤོས་ཤིག་ཡིན། སྤོ་ཤོག་ཡག་པོ་ཡོད་པ་དེ་བོད་ཤོག་བཟོ་བའི་རྒྱུ་ཆ་དང་འབྲེལ་བ་དམ་ཟབ་ཡོད་དེ། རེ་ལྕག་དུག་རིགས་ཀྱི་ལྤགས་པ་བཤུ་བ་དང་ཞིབ་མོར་གཤགས་ནས་ཉི་སྐམ་བྱས་རྗེས། ཆུ་ཁོལ་ནང་དུ་རྒྱུ་ཆ་མཉེན་ཞིང་སེར་པོར་མ་གྱུར་བར་དཀྲུག་དཀྲུག་བཏང་ནས་ཡུན་རིང་བཙོ་དགོས།

གནའ་བོའི་བཤད་རྒྱུན་ལ་བོད་ཤོག་ནི་བརྡར་ནས་འགྲུབ་ཅེས་བཤད་སྲོལ་ཡོད། རྒྱུ་ཆ་བཙོས་མ་དེ་རྡོ་ཁོག་ནང་དུ་འཕངས་ནས་ཤིང་གི་དབྱུག་པས་རྡུང་ཞིང་དེ་ནས་ཟོ་ནང་དུ་བླུགས་ཏེ་ཞིབ་ཏུ་ཡང་ཡང་བརྡུང་དགོས་ལ། ཐེངས་མང་པོར་བརྡུངས་རྗེས་གཞི་ནས་ཤོག་སྐྱོ་རུ་འགྱུར་ཐུབ། སྐྱོ་མའི་རྒྱུ་ཆ་ཡང་བསྐྱར་ཤོག་སྒྲོམ་ནང་དུ་བླུགས་ནས་ཆུ་ནང་དུ་སྦངས་ཏེ་དལ་བུར་དཀྲུག་པ་དང་། སྐྱོ་མའི་གཤེར་ཁུ་སྙོམ་པོར་བཏིངས་རྗེས་ག་ལེར་ཡར་བཀྱགས་ནས་སྐམ་དུ་བཅུག་ན་བོད་ཤོག་བཟོ་ཐུབ།

བོད་ཤོག་ཡག་པོ་ཞིག་ལ་བཤད་རྒྱུན་འདི་འདྲ་ཡོད་དེ། ལག་པས་བཟུང་ནས་ཅུང་ཟད་རྡེབ་ཙམ་བྱས་ན་ཤོག་སྒྲ་ཤག་ཤག་གྲགས་སྲིད། གཞན་ཡང་། ཉི་འོད་ཤོག་བུའི་སྟེང་དུ་འཕྲོ་སྐབས། ཤོག་བུ་ལས་འོད་མདངས་ཕྲན་བུ་འཕྲོ་ཞིང་། མདོག་དཀར་པོའི་ཁྲོད་ནས་སེར་པོ་ཅུང་ཟད་མངོན། ཆིང་རྒྱལ་རབས་དུས་ཀྱི《བོད་ཤོག་སྙན་ངག》ཅེས་པའི་ནང་། བོད་ཤོག་སྟེང་བོད་སྨྱུག་སྤྱད་དེ་བོད་ཡིག་འབྲི་སྐབས། སྣག་ཚ་མི་སིམ་ལ། ཡིག་གཟུགས་ཀྱང་གསལ་པོ་ཡོད་ཅེས་འཁོད་འདུག རྒུ་ཡུལ་ཚོ་ཀ་གནམ་སྡེ་བའི་སྲོལ་རྒྱུན་བོད་ཤོག་ལས་སྣོན་ཕྱིར་འཚོང་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་དང་སྤོ་ཤོག་རྒྱུན་འཛིན་པ་བསོད་ནམས་དབང་ཕྱུག་གིས་བཤད་རྒྱུར།

“དུག་ལོ་དཀར་པོ་ཟེར་བ་དེ་དུག་གི་རིགས་ཤིག་ཡིན་ཀྱང་། ཤོག་བུ་བཟོ་སྐབས་ཤུན་པ་སོགས་ལ་རེག་རྗེས་ལག་པ་མ་བཀྲུས་སྔོན་མིག་དང་སྣ་སོགས་ལ་རེག་མི་རུང་བ་དང་། དེ་ལ་རེག་ན་ཟ་འཁྲུག་ལངས་སྲིད། སྤོ་ཤོག་ཉར་ཚགས་ཡུན་རིང་བྱེད་ཐུབ་ལ་ཤོག་བུ་ཁ་ཤས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ནས་སྟོང་ཕྲག་ལ་ཉར་ཐུབ། དུག་ལོ་དཀར་པོའི་ཤིང་དེ་ཡི་ཤུན་པའི་རྒྱུ་ཆའི་ཁྱད་ཆོས་དང་དགེ་མཚན་ཚན་རིག་གིས་ཞིབ་འཇུག་བྱེད་དགོས།”

ད་ལྟ། བོད་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ས་ནི་རང་བྱུང་མཛེས་ལྗོངས་གཅིག་པུ་མ་ཡིན་པར་མི་རིགས་རིག་གནས་ཀྱི་ནང་སྙིང་འཛོམས་པོ་སྟོན་ཐབས་དང་མངོན་ཐབས་སུ་འབད་ཀྱིན་ཡོད། བོད་ལྗོངས་སུ་འགྲིམ་འགྲུལ་དྲ་རྒྱ་ཇེ་རྒྱས་སུ་སོང་བའི་འགྲོས་དང་བསྟུན་ནས། ཡུལ་སྐོར་པ་སྔར་ལས་མང་པོ་བོད་ཡུལ་དུ་ཡོང་ནས་རིག་གནས་གསར་གཏོད་ཐོན་རྫས་བརྒྱུད་དེ། ང་ཚོའི་མི་རིགས་རིག་གནས་ལ་རྒྱུས་ལོན་བྱུང་བས་ལག་ཤེས་རྒྱུན་འཛིན་པ་དག་ལ་དགའ་བ་ངང་གིས་འཕེལ། ལག་ཤེས་རྒྱུན་འཛིན་པ་ཚོར་མཚོན་ན། ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་ལ་མི་སྔར་ལས་མང་པོས་རྒྱུས་ལོན་དང་ཐུགས་ཁུར་བྱ་རྒྱུ་ནི་རེ་བ་ཉག་གཅིག་ཏུ་གྱུར་ཡོད། བསོད་ནམས་དབང་ཕྱུག་གིས་བཤད་རྒྱུར།

“ཤོག་བུ་བཟོ་བའི་རྒྱུ་ཆ་ནི་དུག་ལོ་དཀར་པོ་ཞེས་པའི་ཤིང་ཆུང་ཆུང་ཞིག་ཡོད་པ་དང་། ཤིང་དེ་ཟླ་བ་གསུམ་པའི་ཟླ་མཇུག་ནས་ཟླ་བདུན་པའི་བར་ལ་ཤིང་གི་ཤུན་པ་བཤུས་ནས་སྐམ་དགོས་པ་དང་། སྐམ་ཚར་རྗེས་ཆུ་ནང་དུ་སྦང་ནས་བཙོ་དགོས་ལ། དེ་ནས་རྡུང་བའི་ཉིང་ཁུ་ལས་ཤོག་བུ་ལས་དགོས། ཚི་སྣ་ཕྲ་ཞིང་རིང་པོ་ཡིན་ལ། ཤོག་བུ་བཟོས་ཚར་རྗེས་འཐེན་ཤུགས་ཆེ་བ་དང་སྣག་ཚ་སིམ་པའི་སྣང་ཚུལ་འབྱུང་མི་སྲིད། ཤོག་བུ་གཞན་དག་ལ་མཚོན་ན་སྤུ་སྨྱུག་དང་ཤིང་སྨྱུག་གིས་བྲིས་ན་སིམ་པའི་སྣང་ཚུལ་ཡོད་ཀྱང་། སྤོ་ཤོག་ལ་དེ་དག་གི་སྣང་ཚུལ་ཅི་ཡང་མེད།”

བོད་ཤོག་རྣམ་པ་མང་པོའི་སྒོ་ནས་མི་རྣམས་ཀྱི་མིག་ལམ་དུ་མངོན་དུས་སུ་བོད་ཀྱི་རིག་གནས་ཀྱང་མང་ཚོགས་ཀྱི་འཚོ་བ་དང་བསམ་པའི་ཁྲོད་ངང་གིས་འདྲེས་ཡོད། སྔོན་ཆད་དཔེ་དེབ་དང་ཡང་ན་ལོ་རྒྱུས་ཡིག་ཚགས་ནང་དུ་མ་གཏོགས་མཐོང་དཀོན་པའི་གནའ་བོའི་ལག་རྩལ་འདི་ཉིད་དེང་སྐབས་ཚན་རྩལ་དང་། དྲ་རྒྱ། ད་དུང་ལག་རྩལ་པ་རྒན་པ་དག་གི་རྒྱུན་བསྐྱངས་པའི་དགའ་ཞེན་འོག་ཏུ་ཡང་བསྐྱར་གར་སྟེགས་མདུན་དུ་ཡོང་ནས་གསོན་ཤུགས་གསར་བ་རྒྱས་བཞིན་ཡོད།  བོད་ཤོག་གིས་བོད་ལྗོངས་ཀྱི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད་ལ། རིག་གནས་ཡུལ་སྐོར་ལས་རིགས་དང་དྲ་རྒྱ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ད་ལྟ་མི་སྔར་ལས་མང་པོས་བོད་ཤོག་མཚོན་བྱེད་དུ་འཛིན་པའི“གཟུགས་འདས་ཤུལ་བཞག་རིག་གནས”ལ་བརྟེན་ནས་བོད་ལྗོངས་ལ་རྒྱུས་ལོན་བྱེད་བཞིན་ཡོད།

སྤྱི་ལོའི་དུས་རབས་དང་པོའི་གཡས་གཡོན་དུ་བོད་དུ་ལྕགས་བཞུ་བཏུལ་གྱི་ལག་རྩལ་དར་བ་མ་ཟད། གྲི་བཟོ་ལ་མཁས་པ་ཟིམ་པོ་སྤུན་དགུ་ཟེར་བ་བྱུང་བ་དང་ཁོ་ཚོས་བརྡུངས་པའི་གྲི་ལ་དགུ་ཟི་ཞེས་ཐོགས་པར་གཞིགས་ན། བོད་དུ་ལྕགས་བཞུ་བཏུལ་གྱི་ལག་རྩལ་དར་མ་ཐག་གྲི་བཟོ་ཐུབ་པ་གསལ་ཡོད་པས། གྲི་གུམ་བཙན་པོ་ནས་བརྩིས་ན་ད་བར་ཉུང་མཐར་ཡང་མི་ལོ་ཆིག་སྟོང་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ཤེས་ཐུབ། ལྷག་དོན་རྒྱལ་རབས་ཆོས་འབྱུང་མང་པོར། གནམ་གྱི་ཁྲི་བདུན་གྱི་མཐའ་མ་གྲི་གུམ་བཙན་པོའི་དུས་སུ་གོ་ཁྲབ་རལ་གྲི་ཐོག་མར་དར་ཞེས་འཁོད་པ་དང་། ལོ་ངམ་རྟ་རྫིས་རལ་གྲི་ཀླད་ལ་བསྐོར་ནས་གྲི་གུམ་བཙན་པོ་བཀྲོངས་ཞེས་འཁོད་པར་གཞིགས་ན། བཙན་པོའི་གདུང་རབས་བརྒྱད་པའི་དུས་ནས་གྲིའི་བཟོ་རྩལ་དར་ཡོད་པ་རྟོགས་ཐུབ།

བོད་གྲིའི་བཟོ་རྩལ་ཐད་ནས་བཤད་ན། ལྕགས་བཞུ་བ་དང་བཟོ་ལྟ་འདོན་པ། ངར་ལྡུད་པ། རྣོ་འདོན་པ། ཚགས་རྒྱག་པ། ཚ་ལ་བརྒྱབ་ནས་ཇེ་བརྟན་དུ་གཏོང་བ། འཇམ་ཤ་འདོན་པ་བཅས་ཡིན་པ་དང་། ཞིབ་ཕྲའི་བཟོ་རིམ་ནི་རང་ངོས་ཀྱི་བཟོ་རྩལ་ཁྱད་ཆོས་ལ་བསྟུན་དགོས་པ་དང་ཅི་ཙམ་དང་དོད་བྱས་ན་དེ་ཙམ་གྱིས་བཟོ་རིམ་རྙོག་དྲ་ཆེ་བ་ཡོད། གང་ལྟར་བསྐལ་པ་ཡ་ཐོག་ནས་བཟུང་བོད་ལྗོངས་ས་མཐོའི་ཐོན་སྐྱེད་དང་འཚོ་བ་གང་སར་གྲིའི་ལོ་རྒྱུས་ཀྱིས་ཁྱབ་ཅིང་། དེ་སྔའི་རང་སྲུང་གི་མཚོན་ཆ་གཙོ་བོ་ཞིག་ཡིན་ལ་རྒྱན་ཆ་ཡང་ཡིན་པས། གྲི་ལེགས་གྲས་ཤིག་ལུས་ལ་བཏགས་ན་མིའི་གོ་ཐོབ་མཚོན་ལ་ཁྱིམ་ཚང་གི་རྒྱུ་སྟོབས་ཀྱང་མཚོན། སྤོ་བོ་རྫོང་ཡིད་འོང་ཡུལ་ཚོའི་བོད་གྲིའི་རྒྱུན་འཛིན་པ་ཤི་ལོག་གིས་བཤད་རྒྱུར།

“ངེད་ཚང་གི་གྲི་འདི་ལ་མཚོན་ན། 2007ལོར་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་ཚུད་ཡོད་པ་དང་། ང་རང་ལ་མཚོན་ན་གྲོང་ཁྱེར་རིམ་པའི་རྒྱུད་འཛིན་པ་ཞིག་ཡིན། ཡིད་འོང་གི་གྲི་ལ་གཅིག་ནས་ལོ་རྒྱུས་རིང་པོ་ཡོད་པ་དང་། གཉིས་ནས་ང་ཚོའི་སྡེ་བའི་ཡོང་འབབ་ཀྱི་གཙོ་བོ་ཡང་ཡིད་འོང་རལ་གྲི་རེད། སྡེ་བ་ཡོངས་ཀྱིས་མཐུན་སྒྲིལ་ལ་བརྟེན་ནས2015ལོར་ཆེད་ལས་མཉམ་ལས་ཁང་འདི་བཙུགས་པ་དང་། མཉམ་ལས་ཁང་འདི་གཉེར་ན་མང་ཚོགས་ལ་ལག་ཤེས་བཟང་བོ་ཞིག་འབྱོར་ཐུབ་པ་དང་། ཡོང་སྒོ་ཡང་མང་པོ་ལེན་ཐུབ་པས་ཕན་པ་ཧ་ཅང་ཆེ།”

བོད་དུ་ལྷ་རྩེ་དང་ཕུ་མདོའི་གྲི་ཕུད་པའི་སྐད་གྲགས་ཅན་གྱི་གྲུ་ཞིག་ཡོད་པ་ནི་ཡིད་འོང་ས་ཆའི་སྤུ་གྲི་རྒྱ་མོ་ཞེས་པའི་གྲིའི་རིགས་དེ་ཡིན་ཞིང་། ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ཡིད་འོང་ཡུལ་ཚོ་ནས་ཐོན་པའི་གྲི་བཟོའི་ལག་རྒྱུན་དེར་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཅིང་། གྲི་དེར་སྐད་གྲགས་ཆོད་དོན་ནི་གྲི་བཟོ་བྱེད་ཀྱི་ལྕགས་རྒྱུ་ས་གནས་དེ་རང་ནས་ཐོན་པའི་གཏེར་ལྕགས་རིགས་གསུམ་ལས་བཟོས་པས་ཤིན་ཏུ་རྣོ་ངར་ལྡན་པ་ཡིན།ད་ལྟ་ཡིད་འོང་བོད་གྲིའི་ཐོན་ལས་ལ་གསོན་ཤུགས་སྔར་ལས་ཆེན་པོ་རྒྱས་ཡོད། ཤི་ལོག་གིས་བཤད་རྒྱུར།

“ཡིད་འོང་རལ་གྲི་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་ཚུད་ཡོད་མོད། བཟོ་བྱའི་གྲི་འདི་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་ཞིག་ལས་དགོས། ང་ཚོ་ལས་བཟོ་པ་ན་གཞོན་ཉེར་དྲུག་ཡོད་པ་དང་། ཁྱིམ་ཚང་གི་མི་གྲངས་ལྟར་བརྩིས་ན་མི་བརྒྱ་དང་ཉི་ཤུ་ཡོད། ཟླ་བ་གསུམ་གྱི་རིང་ལ་རྩིས་ཐེངས་ཤིག་བརྒྱབ་པ་དང་། ཟླ་བ་བདུན་པའི་ནང་ཡང་རྩིས་ཐེངས་ཤིག་རྒྱག་དགོས།  ཟླ་བཞི་པའི་ནང་རྩིས་ཞིག་རྒྱག་སྐབས་ཁྲི་ཉེར་གསུམ་ལྷག་ཡོད་པ་དང་། ལོ་མཇུག་ཏུ་ཚང་མས་ཡོང་འབབ་བགོ་བཤའ་རྒྱག་དགོས་ལ། རོགས་སྐྱོར་བྱེད་དགོས་སར་རོགས་སྐྱོར་བྱེད་པ་སོགས་ཚང་མ་མཉམ་ལས་ཁང་ལ་བརྟེན་པ་ཡིན། དེ་མིན་ལོ་ཆུང་བ་མང་པོ་སྐྱེད་སྲིང་བྱས་ནས་མུ་མཐུད་དུ་རྒྱུད་འཛིན་དར་སྤེལ་བྱེད་དགོས་པ་དང་། ཚོང་ལས་ཐད་ནས་ད་ལོ་ནས་མགོ་བརྩམས་ཏེ་རྫོང་དང་དེ་ནས་གྲོང་ཁྱེར་སོགས་སུ་རིམ་བཞིན་ཀུང་སི་བཙུགས་ནས། མུ་མཐུད་དུ་རྒྱ་ཇེ་ཆེར་གཏོང་རྒྱུ་ཡིན།”

ཡིད་འོང་གི་བོད་གྲི་ནི་སྤྱིར་ན་རིང་ལ་ཕྲ་བ་ཞིག་ཡོད་པ་དང་དམིགས་བསལ་གྱི་ལག་ཐབས་སྤྱད་པས། མཁྲེགས་ལ་རྣོ་ངར་ཆེ་བ་དང་བཙའ་མི་རྒྱག་པས་དེ་སྔ་ཆེད་མངགས་མཐོ་རིམ་སྤྱི་ཚོགས་ཀྱི་མི་དྲག་ལ་མཁོ་འདོན་བྱེད་ཀྱིན་ཡོད། ཡིད་འོང་བོད་གྲིའི་ཁྱད་ཆོས་གཞན་ཞིག་ནི་མཛེས་སྡུག་ལྡན་པའི་རང་བྱུང་གི་རི་མོས་བརྒྱན་ཡོད་པ་རེད། འོན་ཀྱང་རི་མོ་དེ་དག་ནི་རང་དགར་མི་ཐོན་པར་གཏེར་ལྕགས་དག་བཞུ་བཏུལ་ཡང་ཡང་བྱེད་དགོས་པ་དང་། དེའི་རྗེས་མེའི་ནང་བཙོ་སྦྱངས་བྱས་རྗེས་ཚྭ་ཆུ་བྱུག་ན་གཞི་ནས་རི་མོ་དེ་དག་ཕྱིར་མངོན་ཐུབ་ཀྱི་ཡོད་པ་རེད། མདོར་ན་ཡིད་འོང་གི་གྲི་ནི་སྤྱོད་གོ་ཆེ་ཞིང་ཡང་ལ་འཁྱེར་བདེ་བ་དང་མཛེས་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ནོ། །

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།