རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཏེ་ཁྲོན་བོད་གཞུང་ལམ་གྱི་སྒོ་མོ།
2024.08.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 58


རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་མངའ་ཁོངས་སུ་གནས་ཡོད་ཅིང་། རྒྱལ་ལམ318ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཡོད་ས་དེའི་ས་བབ་ནི་གཡས་གཡོན་བར་གསུམ་ཚང་མ་བྲག་རི་ཆེན་པོ་གསུམ་གྱིས་གྲུབ་ཡོད་ཅིང་། གྲོག་རོང་ཆེན་མོ་དེའི་བར་དུ་རྒྱལ་མོ་རྔུལ་ཆུ་རྔམ་ཟིལ་ལང་ལོང་གིས་དྲག་ཏུ་འབབ་ཀྱིན་ཡོད་པའི་དབང་གིས། བར་མཚམས་དེར་ཟམ་ཆེན་འཕངས་པ་དེ་ནི་འགྲིམ་འགྲུལ་ལོ་རྒྱུས་སྟེང་གི་ངོ་མཚར་ལྟད་མོ་ཞིག་ཡིན་པར་མ་ཟད། ད་དུང་བོད་ལྗོངས་དང་ནང་ལོག་སྐམ་ས་ཆེན་མོ་གཉིས་སྦྲེལ་བྱེད་ཀྱི“གསེར་ཟམ”མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན། ཟམ་ཆེན་འདི་ལ་ཁྲོན་བོད་གཞུང་ལམ་གྱི “སྒོ་མོ”ཞེས་པའི་བཤད་སྲོལ་ཡོད། གླ་གེ་ཡུལ་ཚོའི་སློབ་ཆུང་དགེ་རྒན་འཇམ་བཀྲ་ཡིས་བཤད་རྒྱུར།

“ང་གཞི་རིམ་གྱི་དགེ་རྒན་ཞིག་ཡིན། ས་ཆ་འདི་ནས་དགེ་རྒན་གྱི་བྱ་བ་གཉེར་ནས་ལོ་ངོ་ཉི་ཤུ་ལྷག་ཙམ་འགོར། ད་ལྟ་ངའི་རྒྱབ་ལོགས་ན་ཡོད་པ་འདི་ནི་རྒྱལ་ལམ318སྟེང་མིང་དུ་གྲགས་པའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་རེད། ལྕགས་ཟམ་ཐོག་མ་དེ1956ལོར་བཙུགས་པ་དང་། ད་ལྟ་མཐོང་ཐུབ་པ་འདི་ནི་ལྕགས་ཟམ་རབས་གཉིས་པ་དང་གསུམ་པ་རེད། ལྕགས་ཟམ་འདི་ཐོག་མར་བསྐྲུན་པའི་སྐབས་སུ། གཡང་གཟར་དང་བྲག་རི་དང་གཙང་བོ་བརྒྱུད་ནས་མི་སོགས་ཡར་མར་འགྲོ་འོང་བྱེད་དུས་ཤིན་དུ་དཀའ་ཁག་ཆེ་བས། སྐབས་དེར་ཟམ་པ་བསྐྲུན་མཁན་གྱིས་རང་གི་ལག་ཟུང་ལ་བརྟེན་ནས་དཀའ་ངལ་ཁྱད་དུ་བསད་ནས་ཟམ་པ་ལས་པ་རེད། འདི་འདྲའི་དཀའ་སྡུག་གི་གནས་ཚུལ་འོག་ཟམ་པ་འདི་འདྲ་ཞིག་བསྐྲུན་པར། ང་རང་ཉིད་ཀྱིས་ལྷག་བསམ་རྣམ་དག་གི་བཀའ་དྲིན་ཆེ་ཞུ་བཞིན་ཡོད། གཉིས་པ་ཡིན་ན། ཁོ་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པར་མི་དམངས་ཀྱི་ཆེད་དུ་དཀའ་ངལ་མང་པོ་ཁྱད་བསད་བྱས་པའི་སྙིང་སྟོབས་དེ་ལ། ང་ཚོ་མི་རབས་རྗེས་མ་ཚོས་རྗེས་སུ་ཡི་རངས་བྱེད་དགོས་པར་འདོད་ཅིང་། དེར་མ་ཟད། ང་ཚོ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་མང་པོ་དང་ཡུལ་སྐོར་པ་མང་པོ་ནས་འདིར་ལྟ་སྐོར་དུ་ཡོང་གིན་ཡོད་ལ། ས་འདིའི་སློབ་མ་རྣམས་ཀྱང་འདིར་ཁྲིད་ཡོང་སྟེ་སྔོན་བྱུང་གསར་བརྗེའི་དཔའ་བོའི་བླ་ན་མེད་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སློབ་སྦྱོང་བྱེད་དགོས་པའི་དོན་སྙིང་དང་རྒྱུ་མཚན་ཤེས་སུ་འཇུག་རྒྱུར་འབད་པ་བྱེད་བཞིན་ཡོད།”

ཆབ་མདོ་ནི་མཚོ་བོད་ས་མཐོའི་སྟེང་གི་མིའི་རིགས་ཀྱི་གདོད་མའི་རིག་གནས་ཀྱི་འབྱུང་ཁུངས་ཆེན་པོ་ཞིག་ཡིན་ལ། དེ་ནི་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་དང་འབྲེལ་བའི་འགྲིམ་འགྲུལ་ལྟེ་གནས་ཤིག་ཡིན་ཞིང་། སྔར་ནས་བཟུང་སྲིད་འབྱོར་རིག་གསུམ་གྱི་སྟེང་ནས་བཤད་ན་ངེས་པར་བརྩོན་ལེན་བྱེད་སའི་ས་ཆ་ཞིག་ཡིན་པར་བརྟེན། དེར“བོད་ལྗོངས་ཀྱི་སྒོ་མོ”ཞེས་པའི་འབོད་སྲོལ་ཡོད་པས། འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཟིན་ཡོད།

རྒྱལ་མོ་རྔུལ་ཆུའི་སྟེང་ཟམ་ཆེན་བསྐྲུན་པ་དེས་བྲག་རི་བརྟོལ་ཕོད་པ་དང་རང་བྱུང་གི་དཀའ་ངལ་ཅི་རིགས་ཁྱད་གསོད་བྱེད་ཕོད་པའི“ལམ་མེད་སར་ལམ་ལས་མཁན”དག་གི་ངར་ཤུགས་དང་བློས་གཏོང་གི་སྙིང་སྟོབས་ཅིག་ཅར་མངོན་ཡོད་པ་ལས་གཞན། ད་དུང་རྒྱལ་མོ་རྔུལ་ཆུའི་བཙན་འགག་བདེ་ལམ་དུ་བསྒྱུར་བ་མཚོན་ཐུབ། གླ་གེ་ཡུལ་ཚོ་འུ་ལེགས་སྡེ་བའི་སྡེ་མི་པད་མ་ཚེ་རིང་གིས་བཤད་རྒྱུར།

“ང་ལ་མཚོན་ན་ཟམ་ཆེན་གསར་པ་འདི་བསྐྲུན་མེད་དུས་ནས་གནས་འདིར་འཚོ་བ་རོལ་བཞིན་པའི་མང་ཚོགས་དཀྱུས་མ་ཞིག་ཡིན། དེང་སང་རྒྱལ་ཁབ་ཀྱི་བཀའ་དྲིན་ལས་ལམ་ཡག་པོ་ཞིག་ལས་པས། མང་ཚོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། ལམ་མེད་སར་ལམ་ལས་པ་དང་། གློག་མེད་སར་གློག་འཐེན་པ། ཆུ་མེད་སར་ཆུ་འཐེན་ཡོད་པ་དང་།  ཟས་གོས་སོགས་ཀྱི་ཆ་རྐྱེན་འཛོམས་པོ་ཞིག་བསྐྲུན་ཡོད་པར་མ་ཟད། ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་སྟབས་བདེ་རུ་བཏང་ཡོད།”

1953ལོར་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སྐྲུན་སྐབས་སྟབས་བདེའི་ཟམ་པ་ཞིག་ཡིན་པ་དང་། 1972ལོར་སྔར་གྱི་ཟམ་ཆེན་དེ་ལོགས་སུ་བསྐྱུར་ནས་ཨར་འདམ་གྱི་གཞུ་དབྱིབས་ཟམ་པར་བསྒྱུར་ཏེ། 2013ལོའི་ཟླ12པའི་བར་བེད་སྤྱོད་བྱས།  ཁྲོན་བོད་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་སྔར་ལས་འགན་ལེན་གང་ལེགས་བྱ་ཆེད། 2016ལོའི་ཟླ12པའི་ཚེས18ཉིན། ད་ལྟ་ངེད་ཅག་གི་སྤྱོད་ཡུལ་དུ་གྱུར་བའི་ཟམ་ཆེན་གསར་པ་འདི་དངོས་སུ་ཤར་གཏོང་ཐུབ་པར་བྱས།

རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བསྐྲུན་པ་དང་བསྐྱར་སྐྲུན་བྱེད་པའི་བརྒྱུད་རིམ་ནི་བཟོ་སྐྲུན་ལག་རྩལ་ཐད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པར་མ་ཟད། ཀྲུང་གོའི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་ངོ་མཚར་ཆེན་པོ་ཞིག་ཡིན་ལ། ཟམ་ཆེན་དེས་བོད་ལྗོངས་ཇ་རྟའི་ཚོང་ལམ་གྱི་སྒོ་འཕར་སྔར་ལས་ཡངས་པོར་ཕྱེས་ཏེ། ཁྲོན་བོད་ལམ་ཐིག་ངོས་ཀྱི་འགྲིམ་འགྲུལ་གཙོ་གནད་ཀྱི་བཙན་ས་ངང་གིས་ཟིན་པར་བྱས། རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་རྒྱལ་ཁའི་ངང་ཡོང་འགྲུབ་བྱས་པ་དེས་ཁྲོན་བོད་ལམ་ཐིག་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པར་སྔར་མེད་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད།  རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དེས་བོད་ལྗོངས་དང་ནང་ལོག་སྐམ་ས་ཆེན་མོའི་བར་གྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། གླ་གེ་ཡུལ་ཚོ་འུ་ལེགས་གྲོང་ཚོའི་སྡེ་མི་པད་མ་རབ་བརྟན་གྱིས་བཤད་རྒྱུར།

“ང་ལ་མཚོན་ན་ལམ་མེད་པའི་དུས་སྐབས་སུ་ཕ་མ་དང་མཉམ་དུ་ཆབ་མདོ་ལ་འགྲོ་དགོས་ཚེ་ཉི་མ་མང་པོ་ཞིག་ཏུ་འགྲོ་དགོས། ད་བར་ཆབ་མདོ་ལ་འགྲོ་དགོས་ན་ཆུ་ཚོད་གཉིས་གསུམ་མ་གཏོགས་མི་འགོར་བས། དེ་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པར་མ་ཟད་ཡར་འགྲོ་མར་འགྲོའི་ཡུལ་སྐོར་པ་སོགས་ལའང་སྟབས་བདེ་གང་མང་ཞིག་བསྐྲུན་ཡོད་པ་ཤེས་ཐུབ།”

རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དེ་ནི་བོད་རིགས་དང་རྒྱ་རིགས་སྤུན་ཟླ་རྣམས་བདེ་སྐྱིད་ཀྱི་ཕྱོགས་སུ་སྐྱོད་པའི“གསེར་གྱི་ཟམ་པ”ཞིག་དང་། མཛའ་མཐུན་གྱི“སྲོག་རྩ”ཞིག་ཏུ་གྱུར་ཡོད་ཅིང་། དེ་ནི་མི་རིགས་སྣ་མང་གོང་བུར་སྦྲེལ་བྱེད་ཀྱི་འབྲེལ་ཐག་ཅིག་ཡིན་པར་མ་ཟད། དེས་ཀྲུང་ཧྭ་མི་རིགས་ཀྱི་དཀའ་ངལ་ཅི་ཡོད་གདོང་གིས་བསུ་ཕོད་པའི་སྙིང་སྟོབས་དང་ལས་ལ་བརྩོན་པའི་བློ་གྲོས་ཀྱི་ཉིང་བཅུད་ཀྱང་མཚོན་ཐུབ་བོ། །

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།