གཡུ་ཐོག་སྡེ་གསར་གྱི་འཚོ་བ་གསར་པ།
2024.08.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ལྕང་ར་གྲོང་རྡལ་གཡུ་ཐོག་སྡེ་གསར་ནི་འབྲི་ཆུའི་འགྲམ་རྒྱུད་དུ་གནས་ཡོད་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ28ལྷག་ཡོད་ཅིང་། ཆ་སྙོམས་མཚོ་འཕགས་སྨི3700ཡོད། 2017ལོའི་ཡར་སྔོན་ལ་ཆ་མཚོན་ནས་བཤད་ན། སྡེ་བ་འདི་ཉིད་རང་བྱུང་ཁོར་ཡུག་དང་ཡུལ་བབ་གནམ་གཤིས། དཔལ་འབྱོར་ཆ་རྐྱེན་སོགས་ཀྱི་བཀག་རྒྱའི་དབང་གིས་འཚོ་གནས་ཁོར་ཡུག་ཧ་ཅང་ཞན། སྡེ་བ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་མེད་པ་དང་། བདེ་འཇགས་འཐུང་ཆུ་དང་ཉེར་མཁོའི་གློག འཕྲིན་གཏོང་བརྡ་རྟགས། རྒྱང་སྒྲོག་བརྙན་འཕྲིན་སོགས་ཀྱང་མེད། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་རྗེས་ལུས་ཚབས་ཆེན་ཡིན་པར་མ་ཟད། དཔེ་མཚོན་རང་བཞིན་གྱི་དབུལ་ཕོངས་སྡེ་བ་ཞིག་ཀྱང་ཡིན། སྡེ་སྡོད་ལས་བྱེད་པ་བཀྲ་ཤིས་དབང་མོས་བཤད་རྒྱུར།

“སྔོན་ཆད་གཡུ་ཐོག་སྡེ་བའི་ཆ་རྐྱེན་ཧ་ཅང་སྡུག་པོ་ཡིན་ཏེ། ལམ་དང་གློག དྲ་རྒྱ་སོགས་མེད་པ་དང་། སློབ་མ་རྣམས་སློབ་གྲྭར་འགྲོ་རྒྱུར་དཀའ་ཞིང་འཐུང་ཆུའི་ཐད་ཀྱི་དཀའ་ཁག་ལ་འཕྲད་ཡོད། 2017ལོར་དབུལ་སྐྱོར་གྱི་རྣམ་གྲངས་ཞིག་ཐོན་ནས་ཁྱིམ་ཚང་བརྒྱ་དང་བཅུ་བདུན་གྱི་མི་གྲངས་ལྔ་བརྒྱ་ཉེར་གསུམ་ཡོད་པ་ཚང་མ་ད་ལྟའི་ས་འདིར་གནས་སྤར་བ་རེད། འདིར་གནས་སྤར་ཚར་རྗེས། གྲོང་རྡལ་ལས་ཁུངས་སོགས་ཀྱི་སྣེ་ཁྲིད་འོག གཡུ་ཐོག་སྡེ་བའི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་ཆེད་ཐོན་སྐྱེད་བྱ་བའི་ཐད་ལ་འབད་བརྩོན་བྱས་ཏེ།   ཟ་ཁང་གཉེར་བ་དང་། མེ་ཏོག་འདེབས་པ། སྔོ་ཚལ་དང་ཤ་མོ། གྲོ་ཞིང་སོགས་བཏབ་པར་བརྟེན། ལོ་རེའི་ནང་སྡེ་བར་ཐུན་མོང་ཡོང་སྒོ་བགོ་བཤའ་རྒྱག་རྒྱུ་ཡོད་ཅིང་། ད་ལོར་མཚོན་ན་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་འབུམ་གཅིག་དང་ཁྲི་གཅིག་ལ་བུད་ཡོད་པས། སྡེ་མི་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད་པར་མ་ཟད་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐབས་ལམ་གང་མང་བཙལ་ཡོད།”

རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་སྡེ་དགེ་རྫོང་གིས་གནས་སྤོར་སྲིད་ཇུས་སྤྱད་དེ། ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་བཞི་ལྷག་བཏང་ནས། འབྲི་ཆུའི་འགྲམ་རྒྱུད་འདི་རུ་གྲོང་ཚོ་གསར་པ་བསྐྲུན་པ་དང་། བོད་ཀྱི་བཟོ་ལུགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་བོད་ཁང117གསར་དུ་བསྐྲུན་ཏེ། ཆུ་གློག་ལམ་གསུམ་དང་དྲ་རྒྱ། རླུང་འཕྲིན་བརྙན་འཕྲིན་བཅས་གེགས་མེད་ཤར་གཏོང་བྱས་པར་མ་ཟད། ད་དུང་སྡེ་བ་རིམ་པའི་བྱེད་སྒོ་ཁང་དང་རིག་གནས་ཁང་། གསང་སྤྱོད་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཁྱོན་ཡོངས་ནས་ཚང་བར་བྱས། ད་ལྟ་སྡེ་བ་ཡོངས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་ས་མུའུ་བརྒྱ་དང་སུམ་ཅུ་ལྷག་ཡོད། གཡུ་ཐོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་འཕེལ་གྱིས་བཤད་རྒྱུར།

“ཡོང་སྒོའི་ཕྱོགས་ནས་བཤད་ན། ཟ་མ་ཟ་ས་དང་སྔོ་ཚལ་འདེབས་ས། མེ་ཏོག་འདེབས་ས་སོགས་མང་པོ་ཞིག་ལ་བརྟེན་ནས་ཡོང་སྒོ་བཙལ་ཐུབ། རྗེས་མ་ཡིན་ན། ཞིང་ལས་ཕྱོགས་ཐོན་སྐྱེད་བྱེད་སྟངས་མང་པོ་བཙལ་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་མང་དུ་གཏོང་བའི་ཐད་འབད་པ་བྱེད་རྒྱུ་ཡིན།”

གཡུ་ཐོག་སྡེ་གསར་འདི་འབྲི་ཆུའི་འགྲམ་གྱི་གྲོང་ཚོ་དང་པོར་བསྐྲུན་ཆེད། ས་གནས་སྲིད་གཞུང་གིས་ས་མུའུ་སུམ་ཅུ་ཅན་གྱི་སྡེ་བའི་ཐུན་མོང་ཐོན་ལས་ར་བ་ལས་པ་དང་ཞིང་ལས་དཔལ་འབྱོར་གོང་དུ་སྤེལ་བ། དབུལ་སྐྱོར་ཚོང་ཁང་གཉེར་བ་སོགས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལ་བརྟེན་ནས་གྲུབ་འབྲས་བཟང་པོ་བླངས་ཡོད།

གཡུ་ཐོག་སྡེ་གསར་གྱིས་ཆེས་ཕུལ་དུ་བྱུང་བའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་པ་དང་། ཡུལ་བབ་དང་བསྟུན་ནས་སྡེ་བ་རེ་ལ་ཚབ་མཚོན་རང་བཞིན་གྱི་ཐོན་རྫས་རེ་ཅིས་ཀྱང་ཡོད་དགོས་པའི་ཐད་རྩལ་ནུས་གསོ་སྦྱོང་བྱས་ནས། ཁང་པ་གསར་པར་སྡོད་སྐབས་འཚོ་བ་ངན་ངོན་མིན་པ་དང་ལས་ཀར་ཞུགས་སྐབས་ཡོང་འབབ་མི་དམའ་བའི་དམིགས་འབེན་མངོན་འགྱུར་བྱས། སྡེ་མི་ཚེ་བརྟན་སྒྲོལ་མས་བཤད་རྒྱུར།

“དེང་མ་ཆ་རྐྱེན་མེད་དུས་ཀྱི་ལོ་རྒྱུས་བཤད་ན་ས་ཐག་རིང་ཞིང་ཆུ་གློག་ལམ་གསུམ་གྱི་ཆ་རྐྱེན་མེད་པས། རྟ་སོགས་ལ་ཁལ་འགེལ་བ་དང་རྟ་མེད་ན་མིས་ཁུར་ནས་འགྲོ་དགོས་པའི་གནས་ཚུལ་དེ་འདྲ་རེད། ད་བར་གནས་སྤོར་བྱས་ཏེ་ཕྱོགས་གང་ཅིའི་ཐད་ནས་འཛུགས་སྐྲུན་བྱས་ཡོད་པས། འཚོ་བའི་ཐད་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།”

སྡེ་བའི་མང་ཚོགས་ཚོས་ཁྱོན་ཡོངས་ནས་ལས་རིགས་གསར་གཏོད་བྱེད་པའི་བརྩོན་སེམས་བསྐྱེད་པ་དང་ཏང་འཛུགས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཆེད། གཡུ་ཐོག་སྡེ་བས་སྡེ་བའི་རྣམ་པ་སྔར་ལས་ཇེ་ཡག་ཏུ་བཏང་སྟེ་ལམ་འགྲམ་དུ་མེ་ཏོག་བཙུགས་ཡོད་ཅིང་། ལས་ཁུངས་དང་མི་སྒེར་གྱི་མེ་ཏོག་གི་ཚོང་རའི་དགོས་མཁོ་སོགས་ལ་དམ་པོར་དམིགས་ཏེ། ཐོན་ལས་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཅིག་ལྷག་བཏང་ནས། རྒྱ་ཁྱོན་ལ་མུའུ་བཅུ་གཉིས་ཡོད་པའི་མེ་ཏོག་འདེབས་སའི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་ལ། ཡུལ་བབ་དང་བསྟུན་ནས་སྡེ་བ་གཅིག་ལ་ཐོན་ལས་གཅིག་རེ་ཡོད་པར་བྱས། དེང་སྐབས་མེ་ཏོག་གི་རྟེན་གཞི་དེས་ལོ་རེར་ཡོང་འབབ་སྒོར་འབུམ་གཉིས་ལྷག་བཙལ་གྱིན་ཡོད་ལ། ཚོད་དཔག་བྱས་པ་ལྟར་ན་ལོ་རྗེས་མར་མེ་ཏོག་གི་རྟེན་གཞིའི་ཡོང་འབབ་སྒོར་འབུམ་ལྔ་ལས་བརྒལ་ཐུབ་ངེས་ཡིན་ཞིང་། སྡེ་བའི་ཡུལ་སྐོར་དང་སྡོད་དམངས་ཀྱིས་སྣེ་ལེན་བྱེད་པ་སོགས་ཀྱི་ཡོང་འབབ་སྒོར་འབུམ་ལྔ་ལྷག་ཡོད་པས། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་གཉིས་དང་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གསུམ་ལས་བརྒལ་ཡོད། སྡེ་མི་སངས་རྒྱས་ཀྱིས་བཤད་རྒྱུར།

“ངེད་ཚང་ལ་བཟའ་མི་ལྔ་ཡོད། བཟའ་མི་ལྔ་པོའི་ལོ་རེའི་ཡོང་སྒོ་མི་གཅིག་ལ་སྒོར་སྟོང་ལྔ་ལྷག་ཡོད།”

ད་ལྟའི་གཡུ་ཐོག་སྡེ་གསར་ནི་རི་རྩེ་ནས་རི་འདབས་སུ་གནས་སྤོར་བྱས་ཡོད་ཅིང་། སྡེ་དགེའི་བོད་ཁང་རིག་གནས་ཀྱི་གཞི་རྒྱུ་སོར་བཞག་བྱས་པའི་གྲལ་འགྲིག་པའི་ཁང་གསར་སྟར་དུ་བསྒྲིགས་ཡོད། ཁང་གསར་དེ་རྣམས་ཀྱང་མི་གཉིས་ནས་མི་གསུམ་ཅན་དང་མི་བཞི་ནས་མི་དྲུག་ཅན། མི་བདུན་ནས་མི་བཅུ་ཅན་བཅས་རིགས་གསུམ་དུ་དགར་ཡོད་ལ། དེ་ཡང་ཁྱིམ་ཚང་གི་མི་གྲངས་ལྟར་འཛུགས་སྐྲུན་བྱས་ཡོད་ཅིང་། ཁང་པའི་ཆེ་ཆུང་དང་ནང་གི་དངོས་པོ་སོགས་གྲལ་དག་གཙང་མ་ཡིན་པའི་ཁར། རྨང་གཞིའི་སྒྲིག་ཆས་འཛོམས་པོ་ཡིན། ད་ལྟ་སྡེ་བའི་ནང་དུ་ཚོང་ཁང་ཆུང་ཆུང་དང་གསར་དུ་འཛུགས་སྐྲུན་བྱས་པའི་སྡེ་མི་ཡོངས་ཀྱི་སྤྲོ་སྐྱིད་གཏོང་ས་དང་སྔོ་ཚོད་འདེབས་སའི་དྲོད་སྐྱིད་ཁང་སོགས་ཀྱང་ཚགས་སུ་ཆུད་ཡོད།

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།