ཁྲོ་ལ་རི་བོའི་ཕུག་ལམ་གྱིས་དམངས་ལ་བདེ་སྐྱིད་བསྐྲུན།
2024.08.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 31


ཁྲོ་ལའི་ཕུག་ལམ་ནི་འཛམ་གླིང་སྟེང་མཚོ་འཕགས་སྨི4300ཡན་དུ་འཛུགས་སྐྲུན་བྱས་པའི་ཕུག་ལམ་ཆེས་རིང་ཤོས་དེ་ཡིན་ཞིང་། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་འཛམ་གླིང་གི་ཆེས་མཐོ་བའི་ཕུག་ལམ་རིང་ཤོས་སུ་གྱུར་ཡོད། ཁྲོ་ལའི་ཕུག་ལམ་ལ་ཕུག་ལམ་དང་འདྲེན་ལམ་སྟེ་རིགས་ཆེན་པོ་གཉིས་འདུས་པ་དང་། ཕུག་ལམ་གྱི་རིང་ཚད་ལ་སྤྱི་ལེ7ལྷག་ཡོད་ལ། ཕྱོགས་གཉིས་ཤར་གཏོང་གི་གཞུང་ལམ་ཞིག་ཡིན་པ་དང་། གཞུང་ལམ་དེར་ཁྱོན་བསྡོམས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གཉིས་བཏང་ཡོད། ཁྲོ་ལའི་ཕུག་ལམ་ཡོངས་འགྲུབ་བྱས་པ་དེས་སྔོན་ཆད་ཆུ་ཚོད་གཉིས་ལྷག་ལ་འགྲོ་དགོས་པའི་ཁྲོ་ལའི་ལམ་ཐག་དེ་ད་ལྟ་སྐར་མ་ལྔ་ནས་བཅུ་བར་ཇེ་ཐུང་དུ་བཏང་ཡོད་པ་ལས་གཞན། ཉེན་ཁ་ཆེ་ཞིང་གཡང་གཟར་ཡིན་ལ། དུས་བཞིར་ཁ་བས་གཡོགས་ཏེ་ལམ་ངོས་དར་གྱིས་བཟུང་ནས་བགྲོད་དཀའ་བའི་ལོ་རྒྱུས་མཇུག་བསྒྲིལ་བར་མ་ཟད། ཁྲོན་བོད་གཞུང་ལམ་གྱི་ལ་ཆེན་དང་པོའམ་ཁྲོན་བོད་གཞུང་ལམ་གྱི་གཤིན་རྗེའི་འཕྲང་ལམ་དུ་འབོད་པའི་ཁྲོ་ལའི་གཞུང་ལམ་གྱི་ལོ་རྒྱུས་ཀྱི་ལེའུར་རྫོགས་ཚིག་བཀོད། འཁོར་ལོ་མདོ་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ལས་བྱེད་མི་སྣ་ཚེ་དབང་དབྱངས་སྐྱིད་ཀྱིས་བཤད་རྒྱུར།

“ཁྲོ་ལའི་ཕུག་ལམ་འདི་འགྲུབ་རྗེས། ས་གནས་འདིའི་མང་ཚོགས་ཀྱི་འཚོ་བ་དང་ལས་སྒྲུབ་ཀྱི་ཕྱོགས་ཐམས་ཅད་ནས་ཡར་རྒྱས་ཆེན་པོ་བྱུང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཕྱོགས་ནས་སྔོན་མ་ཁྲོ་ལ་ས་མཐོན་པོ་ཡིན་ལ་ལམ་ཕྲ་མོ་ཞིག་ལས་མེད། དགུན་ཁ་ཁ་བ་ཆེན་པོ་འབབ་པའི་དུས་སུ་རྒྱ་ཆེ་བའི་མང་ཚོགས་ཀྱི་རྒྱུ་ནོར་དཔལ་འབྱོར་ཐད་འགྲོ་སྒོ་ཆེན་པོ་འབྱུང་བཞིན་ཡོད། ད་ལྟ་ཕུག་ལམ་འགྲུབ་རྗེས་འཚོ་བའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སྡེ་དགེ་རྫོང་ལ་མཚོན་ན་འགྲིམ་འགྲུལ་གྱི་ཐད་སྔོན་དང་མི་འདྲ་བའི་འགྱུར་ལྡོག་བྱུང་ལ། ཁྲོ་ལའི་ཕུག་ལམ་འགྲུབ་རྗེས་སྡེ་དགེ་རྫོང་དང་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཐད་འགྱུར་ལྡོག་ཆེན་པོ་བྱུང་།”

སྤྱིར་གནམ་གྱི་ཀ་བ་རུ་གྲགས་ཤིང་བལྟས་པས་རི་རྩེ་མཐོང་དཀའ་བའི་ཁྲོ་ལ་རི་བོའི་རྩེ་མོ་ནི་བྱ་རྒོད་པོ་ཡིན་ཡང་གཤོག་རྩལ་འདར་ས་དང་སེང་དཀར་མོ་ཡིན་ཡང་སྡེར་མོ་འཁུམ་ས་ཞིག་ཡིན་ལ། རི་བོ་དེའི་མཚོ་ངོས་ལས་མཐོ་ཚད་ལ་སྨི6168ཡོད་ཅིང་། དུས་བཞིར་གྲང་ལྷགས་དང་ཁ་བ་བུ་ཡུག་གི་རྒྱུན་མི་ཆད་པའི་གནས་ཤིག་ཡིན་པས། དེར་ལམ་བདེ་མོ་ཞིག་བསྐྲུན་རྒྱུ་ནི་ཕྱོགས་གང་ནས་བལྟས་ཀྱང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད། སྡེ་དགེ་རྫོང་གཞུང་ལམ་ཅུའུ་ཡི་ལས་བྱེད་མི་སྣ་ཡེ་ཤེས་གཡང་སྒྲོན་གྱིས་བཤད་རྒྱུར།

“སྔོན་ཆད་ཁྲོ་ལའི་ལམ་ནི་ལམ་ཆུང་ངུ་ཞིག་ཡིན་པ་དང་། ཆར་འབབ་པ་དང་ཁངས་འབབ་པ་སོགས་ཀྱི་སྐབས་སུ་སྲོག་ལ་ཡང་ཉེན་ཁ་ཆེན་པོ་ཡོད་པ་དང་ལས་ཀ་སྒྲུབ་པར་དཀའ་ལས་ཆེན་པོ་ཡོད། 2017ལོར་ཁྲོ་ལའི་ཕུག་ལམ་འགྲུབ་རྗེས། སྐར་མ་བཅུ་ཙམ་གྱི་ལམ་ཐག་ལས་མེད། ད་ལྟ་སྡེ་དགེ་ཡི་རིག་གནས་དང་དཔལ་འབྱོར། ཡུལ་སྐོར་ལ་ཕན་པ་ཆེན་པོ་ཐོན་ཡོད། དེར་མ་ཟད་ཁྲོན་བོད་གཞུང་ལམ་འགྲམ་གྱི་ས་ཆ་སོ་སོར་ཡང་ཕན་པ་ཆེན་པོ་ཐོན་བཞིན་ཡོད།”

2011ལོའི་ཟླ6པའི་ཚེས1ཉིན། རྒྱལ་ལམ317ལམ་རྒྱུད་ཀྱི་ཁྲོ་ལའི་ཕུག་ལམ་གྱི་ཤར་སྒོ་དེ་སྡེ་དགེ་རྫོང་མ་ཎི་གད་མགོ་ནས་དངོས་སུ་སྐྲུན་འགོ་བརྩམས་པ་དང་། 2014ལོའི་ཟླ9པ་ནས་བཟུང་། ཀྲུང་གོ་ལྕགས་ལམ་ཅུའུ་དང་པོའི་སྤྱི་གཉེར་ཁང་བཞི་པས་བཟོ་སྐྲུན་ཨར་ལས་ཀྱི་གཙོ་འགན་འཁུར། 2015ལོའི་ཟླ12པའི་ཚེས་10ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ་ཁྲོ་ལའི་ནུབ་ཕྱོགས་ཀྱི་ཕུག་སྒོའི་གཙོ་ལམ་བདེ་ལེགས་ངང་བརྟོལ་ཏེ་ནུབ་ཕྱོགས་ཀྱི་ཕུག་ལམ་ཡོངས་འགྲུབ་བྱས།2016ལོའི་ཟླ11པའི་ཚེས10ཉིན་གྱི་སྔ་དྲོར་ཁྲོ་ལའི་ཕུག་ལམ་དངོས་སུ་ཡོངས་འགྲུབ་བྱས་ཚར། སྡེ་དགེ་རྫོང་འཁོར་ལོ་མདོ་ཡུལ་ཚོ་རྡོ་མང་སྟེང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་དགའ་ཡིས་བཤད་རྒྱུར།

“སྔོན་ཆད་ཁྲོ་ལའི་ལ་འདི་བརྒྱུད་སྐབས། དགུན་ཁར་ཆུར་ཆབ་རོམ་ཆགས་པ་དང་ཁ་བ་ཆེན་པོ་འབབ་སྐབས་ཉིན་གཉིས་ལ་འགྲོ་དགོས་པའི་དུས་ཧ་ཅང་མང་། དབྱར་ཁ་ཡང་ཆར་བ་འབབ་དུས་རི་ཉིལ་བ་དང་རྡོ་འགྲིལ་བས་ཉེན་ཁ་ཧ་ཅང་ཆེ། ཉིན་གཅིག་ལ་ཆུ་ཚོད་གསུམ་ཡས་མས་སྤྱད་ནས་འགྲོ་དགོས། ད་ལྟ་ཁྲོ་ལའི་ཕུག་ལམ་འགྲུབ་རྗེས། མི་ཡི་ཚེ་སྲོག་ཐད་དོན་དག་ཆེན་པོ་བྱུང་མ་མྱོང་བ་དང་ཉེ་འཁོར་གྱི་ཆབ་མདོ་སོགས་སུ་འགྲོ་བའི་རླངས་འཁོར་ལ་དོན་རྐྱེན་བྱུང་མྱོང་མེད། ད་ལྟ་ཉེ་འཁོར་དུ་སྤྲོ་གསེང་གཏོང་དུ་སོང་ན་སྐར་མ་ལྔ་ཡས་མས་མ་གཏོགས་འགྲོ་མི་དགོས་ལ། ཐག་རིང་དུ་སྤྲོ་གསེང་གཏོང་དུ་འགྲོ་ན་ཡང་ཆུ་ཚོད་མང་པོ་མི་དགོས། ད་ལྟ་མང་ཚོགས་ཀྱི་དཔལ་འབྱོར་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་ལ། ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་གཉེར་ནས་ཡོང་སྒོ་མང་པོ་བཙལ་བཞིན་ཡོད་པ་དང་། སྔོ་ཚལ་དང་ཤིང་ཏོག་གསར་པ་ཟ་དགོས་དུས་ལྕགས་ཟམ་ཁ་ནས་བསྐུར་ཚེ་ཉིན་གཅིག་གི་དུས་ཚོད་མ་གཏོགས་མི་དགོས་ལ། མང་ཚོགས་ལ་མཚོན་ན་ཡང་འགྲོ་འདུག་ཧ་ཅང་སྟབས་བདེ་རུ་གྱུར་ཡོད།”

ཁྲོ་ལའི་ཕུག་ལམ་ཡོངས་འགྲུབ་བྱས་པ་ནས་བཟུང་། རྒྱལ་ལམ317གྱི་ལ་ཆེན་དང་པོ་ཞེས་མིང་བཏགས་པའི་ཕུག་ལམ་དེས་རྒྱལ་ནང་དང་བོད་འབྲེལ་ས་གནས་ཡུག་གཅིག་ཏུ་སྦྲེལ་ཞིང་། ཁྱད་པར་དུ་སྡེ་དགེའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྒོ་འཕར་ཡོངས་སུ་ཕྱེས་པར་མ་ཟད། དཀར་མཛེས་དང་ཆབ་མདོ་ས་ཁུལ་གྱི་འཕེལ་རྒྱས་ལ་ནུས་པ་དཔག་དཀའ་བ་ཐོན་ཡོད་པ་ལས་གཞན།  དེས་མཛོ་གཡག་དང་རྟ་དྲེལ་ལ་ཁལ་བཀལ་ནས་ཚོང་ཟོང་སྐྱེལ་འདྲེན་བྱེད་པའི་རྣམ་པ་རྩ་བ་ནས་བསྒྱུར་ཏེ། རླངས་འཁོར་ལ་བརྟེན་ནས་སྔོན་ལས་དུས་ཡུན་ཐུང་ངུའི་རིང་ཚོང་ཟོག་འབོར་ཆེན་སྐྱེལ་འདྲེན་བྱས་པས།  ཁྲོ་ལའི་ཕུག་ལམ་ནི་ལོ་རྒྱུས་ཟིན་བྲིས་སུ་བཀོད་པའི་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད་དོ། །

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།