ཉེ་བའི་ལོ་འདི་དག་གི་རིང་ལ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ལྡན་དུ་བཏང་སྟེ། ནས་ཀྱི་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་བ་དང་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བསྐྱེད་དེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཞིང་འབྲོག་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།
དཀར་མཛེས་རྫོང་གི་རྨོ་ཞིང་རྒྱ་ཁྱོན་གྱིས་ཁུལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་གྱི་བཅུ་ཆའི་གཅིག་ཟིན་པ་དང་། འབྲུ་རིགས་ཐོན་ཚད་ཁུལ་ཡོངས་ཀྱི་བདུན་ཆའི་གཅིག་ཡིན་པས། རྫོང་འདི་ནི་མིང་དོན་གཉིས་ལྡན་གྱི་ཞིང་ལས་གཙོ་བོར་འཛིན་པའི་རྫོང་ཞིག་ཡིན་ལ། ནམ་རྒྱུན་དུ་ཁམས་བྱང་གི་འབྲུ་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད། སྔོན་ཆད་དཀར་མཛེས་རྫོང་དུ་ནས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཁེ་ལས་ཉུང་བ་དང་ནས་ཐོན་རྫས་ཀྱི་རིན་ཐང་དམའ་བ། ཕྱིར་འཚོང་ཐབས་ལམ་ལ་ཚོད་འཛིན་ཐེབས་པ་སོགས་ཀྱི་དབང་གིས། ས་གནས་མང་ཚོགས་ཀྱི་འདེབས་འཛུགས་བརྩོན་སེམས་དེ་འདྲ་ཆེན་པོ་མིན། དཀར་མཛེས་རྫོང་ནས་རིག་གནས་ཐོན་ལས་གླིང་བཙུགས་རྗེས། ནས་ཉོ་བསྡུའི་རིན་གོང་སྔོན་ཆད་ལས་ཇེ་མཐོར་ཕྱིན་ཡོད་ཅིང་། ས་གནས་མང་ཚོགས་ཀྱི་ནས་འདེབས་འཛུགས་བརྩོན་སེམས་སྔར་ལས་ཆེ་རུ་ཕྱིན་ཏེ། ནས་ཐོན་ལས་གླིང་ཁུལ་འདིའི་ནས་ཀྱི་ཐོན་ལས་བྱ་གཞག་ཀྱང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། དཀར་མཛེས་རྫོང་ནས་ཐོན་ལས་གླིང་གི་སྤྱི་གཉེར་བ་ཝང་ཅན་ལིས་ཀྱིས་བཤད་རྒྱུར།
“ང་ཚོ་ནས་ཀྱི་རིག་གནས་གླིང་འདི་ཉིས་སྟོང་བཅོ་བརྒྱད་ལོར་ཚོང་འགུག་དངུལ་འདྲེན་གྱི་རྣམ་པར་བརྟེན་ནས་དཀར་མཛེས་སུ་ཡོང་བ་ཡིན། ང་ཚོ་དཀར་མཛེས་སུ་ཡོང་དོན་ནི་ས་འདིའི་དངོས་པོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ནས་ཀྱི་ཐོན་རྫས་བཟང་བས་ཡིན། ང་ཚོས་གླེང་རིན་ཡོད་པ་ཞིག་ནི་ཉིས་སྟོང་བཅོ་བརྒྱད་ལོར་ནས་ཉོ་སྐབས་རིན་གོང་སྒོར་གཅིག་དང་ཟུར་གཉིས་ནས་སྒོར་གཅིག་དང་ཟུར་ལྔའི་བར་ཡིན་ལ། ད་ལྟ་ནས་དཀར་གྱི་རིན་གོང་སྒོར་གཉིས་དང་ཟུར་བདུན་དང་ནས་ནག་གི་རིན་གོང་སྒོར་གསུམ་ལ་སྤར་ཡོད་པ་དེ་རེད། ལོ་རེར་ང་ཚོས་ས་གནས་མང་ཚོགས་ཀྱི་ལག་ནས་ནས་རྒྱ་མ་བྱེ་བ་གཅིག་དང་ས་ཡ་ལྔ་བསྡུ་བཞིན་ཡོད། དེས་མི་ཚད་ང་ཚོས་ས་གནས་ཀྱི་མང་ཚོགས་ཉིས་བརྒྱ་ཉེར་དྲུག་གི་ལས་ཞུགས་གནད་དོན་ཐག་བཅད་ཡོད། མི་ཆེས་མང་དུས་ས་གནས་ཀྱི་མང་ཚོགས་ལྔ་བརྒྱ་ལྷག་ང་ཚོའི་ཁེ་ལས་སུ་ལས་ཀར་ཞུགས་མྱོང་།”
ད་ལྟ་དཀར་མཛེས་རྫོང་གི་ནས་ཀྱི་ཐོན་རྫས་རྒྱལ་ཡོངས་སུ་ཆེས་ཆེར་བྲིན་ཏེ།དཀར་མཛེས་ཞིང་ལས་ཐོན་ལས་ཀྱི་མིང་བྱང་དུ་གྱུར་ཡོད་ལ། སྡེ་བ་སོ་སོའི་ནས་ཀྱི་ཐོན་ལས་ཀྱང་སྔར་ལས་གོང་འཕེལ་དུ་འགྲོ་བཞིན་ཡོད། གསེར་ཆུ་སྟེང་ཡུལ་ཚོ་གསེར་ཆུ་སྡེ་བའི་སྡེ་དཔོན་ངག་དབང་བྱམས་པས་བཤད་རྒྱུར།
“སྔོན་ཆད་ནས་བཙོང་སྐབས་ནས་རྒྱ་མ་བརྒྱ་ལ་སྒོར་བརྒྱ་དང་དྲུག་ཅུ་ཡས་མས་ཡིན་པ་དང་། ད་ལྟ་ནས་ཐོན་ལས་གླིང་ལ་བཙོང་ན་ནས་རྒྱ་མ་བརྒྱ་ལ་སྒོར་ཉིས་བརྒྱ་བདུན་ཅུ་ཡས་མས་ཡིན། ང་ཚོའི་སྡེ་བར་ཁྱིམ་ཚང་དོན་གཉིས་ཡོད་པ་དང་། སྡེ་མི་རྣམས་ནས་ཀྱི་ཐོན་ལས་གླིང་དུ་ཞོར་ལས་སུ་སོང་ཆོག་པ་དང་འབྲུ་རིགས་ཀྱང་བཙོང་ཆོག་པས། ང་ཚོར་ཕན་པ་ཆེན་པོ་ཐོན་བྱུང་།”
ནས་ཀྱི་ཐོན་རྫས་རང་ས་ཆ་ནས་ཐོན་སྐྱེད་བྱས་པ་ལས་ས་གནས་མང་ཚོགས་ཀྱིས་ནས་བཙོང་དཀའ་བའི་གནད་དོན་རྩ་བ་ནས་ཐག་བཅད་པ་དང་། ཚང་མ་ཐག་རིང་དུ་ཞོར་ལས་ལ་ཡང་འགྲོ་མི་དགོས་པར་རང་གི་ཞིང་ས་རུ་ནས་བཏབ་ཚེ་ཁེ་ལས་རང་ཁྱིམ་དུ་ནས་བསྡུ་བར་ཡོང་བཞིན་ཡོད། དཀར་མཛེས་རྫོང་ཀ་བྲག་ཡུལ་ཚོ་གྲུ་འོང་སྟེང་སྡེ་བའི་སྡེ་མི་བསོད་ནམས་དབྱངས་མཚོས་བཤད་རྒྱུར།
“ང་རང་ཉིད་ཞིང་ལས་པ་ཞིག་ཡིན་པས་སྔོན་ཆད་ཞོར་ལས་སུ་འགྲོ་དཀའ། ད་ལྟ་རང་ཁྱིམ་གྱི་ནས་འདེབས་ཞོར་ཀུང་སི་རུ་ཞོར་ལས་བྱས་ཆོག་པ་དང་། ནས་ཀྱང་བཙོང་ཆོག་པས་ཕན་པ་ཆེན་པོ་ཐོན་བྱུང་།”
ནས་ཀྱི་ཐོན་ལས་གོང་དུ་སྤེལ་བ་ལས་དཀར་མཛེས་རྫོང་གི་ས་གནས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་པར་ཡང་ནུས་པ་ཆེན་པོ་ཐོན་ནས། མང་ཚོགས་རྣམས་རང་ས་ནས་ལས་ཞུགས་བྱས་ཏེ་ཡོང་འབབ་ངེས་ཅན་བླངས་ཆོག་པར་བྱས་ཡོད། དཀར་མཛེས་རྫོང་ནས་ཐོན་ལས་གླིང་གི་ལས་བཟོ་པ་བསམ་འགྲུབ་སྒྲོལ་མས་བཤད་རྒྱུར།
“དེ་སྔོན་ང་ས་ཆ་གཞན་དུ་ཞོར་ལས་སུ་སོང་བ་ཡིན་ལ་ཁྱིམ་དང་ཐག་ཧ་ཅང་རིང་། ད་ལྟ་ང་རང་གནས་འདིར་ཡོང་ནས་ལོ་གཉིས་ཀྱི་རིང་ལ་བྱ་བ་ལས་པ་དང་། གནས་འདིར་བྱ་བ་ལས་ན་ཁྱིམ་དང་ཐག་ཉེ་ལ། ཟླ་གཅིག་ལ་གླ་ཕོགས་སྒོར་སྟོང་བཞི་ལྷག་ཡོད་པས་ཡག་ཐོག་ཡག་རྩེག་རེད།”
མིག་སྔར་དཀར་མཛེས་རྫོང་གིས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། མང་ཚོགས་ཕྱུག་འགྱུར་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་འདིང་བཞིན་ཡོད།
གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།
ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།