ཁྲོན་བོད་གཞུང་ལམ་གྱི་སྟེང་དུ་མི་ཚོགས་འདི་འདྲ་ཞིག་ཡོད་དེ། ཁོ་ཚོའི་མི་ཚེའི་བཞུད་ལམ་ཁྲོན་བོད་གཞུང་ལམ་དང་དམ་དུ་འབྲེལ་ཡོད་ལ། ཁོ་ཚོས་རང་ཉིད་ཀྱི་ནུས་ཤུགས་ཅི་ཡོད་བགྲོད་ལམ་ཤར་གཏོང་གི་སླད་དུ་ཕངས་མེད་ཕུལ་ནས། རང་ཉིད་ཀྱི་རྩོལ་བ་དང་རྔུལ་ཆུ་ལ་བརྟེན་ནས་ཁྲོན་བོད་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོབ་བྱེད་མུས་ཡོད། ཁོ་ཚོ་ནི་ཁྲོན་བོད་གཞུང་ལམ་བསྐྲུན་ཅིང་རྒྱ་ཆེར་བསྐྱེད་པའི་གོ་རིམ་ཁྲོད་དུ། མི་རབས་ནས་མི་རབས་བར་དུ་ལམ་སྐྱོང་གི་ལས་ལ་འབད་པའི་མི་བུ་ཁག་ཅིག་རེད།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་མདའ་མདོ་གཞུང་ལམ་བདག་སྐྱོང་ས་ཚིགས་ཀྱི་གཞུང་ལམ་བདག་སྐྱོང་པ་སྐལ་བཟང་སྒྲོལ་མར་མཚོན་ནས་བཤད་ན། ཁོ་མོའི་ཁྱིམ་ཚང་གི་མི་རབས་གསུམ་དང་ཁྲོན་བོད་གཞུང་ལམ་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འབྲེལ་བ་ཟབ་མོ་ཡོད། ཁོ་མོའི་ཨ་མྱེས་དང་སྤོ་བོ། ཨ་ཕ། ཨ་མ་བཅས་ཚང་མ་དཀར་མཛེས་གཞུང་ལམ་ཡན་ལག་ཅུའུ་ཡི་ལས་བྱེད་མི་སྣ་རེད། སྐལ་བཟང་སྒྲོལ་མས་བཤད་རྒྱུར།
“ང་ནི་གཞུང་ལམ་བདག་སྐྱོང་བྱེད་མཁན་གྱི་བྱིས་པ་ཞིག་ཡིན། གཞུང་ལམ་བདག་སྐྱོང་གི་མི་རབས་གསུམ་པ་ཞེས་བཤད་ཀྱང་ཆོག ངའི་ཨ་མྱེས་དང་སྤོ་བོ། ཨ་ཕ། ཨ་མ་ཚང་མས་ཁྲོན་བོད་གཞུང་ལམ་དུ་བྱ་བ་བསྒྲུབས་མྱོང་། ངས་ཀྱང་ཁྲོན་བོད་གཞུང་ལམ་དུ་བྱ་བ་སྒྲུབ་བཞིན་ཡོད། ཆུང་དུས་ནས་ཕ་མ་གཉིས་ཀྱི་བྱ་བ་སྒྲུབ་པའི་གནས་སུ་ནར་སོན་པའི་རྐྱེན་གྱིས་ང་རང་ཉིད་ཀྱིས་ཁྲོན་བོད་གཞུང་ལམ་གྱི་འགྱུར་ལྡོག་མཐོང་ཡོད་ལ། ཁྲོན་བོད་གཞུང་ལམ་ལ་བརྟེན་ནས་ས་གནས་མང་ཚོགས་ལ་སྟབས་བདེ་གང་ལེགས་བསྐྲུན་པ་ཡང་དངོས་སུ་བརྒྱུད་མྱོང་། ང་རང་ཉིད་ཁྲོན་བོད་གཞུང་ལམ་ལ་བརྩེ་བ་ཆེན་པོ་ཡོད་པའི་རྐྱེན་གྱིས་སི་ཁྲོན་འགྲིམ་འགྲུལ་ལས་རིགས་སློབ་གྲྭར་རྒྱུགས་སྤྲད་པ་ཡིན། 2014ལོའི་ཟླ་བཅུ་པ་ནས་བཟུང་། དཀར་མཛེས་རྫོང་གཞུང་ལམ་ཡན་ལག་ཅུའུ་ནས་བྱ་བ་བསྒྲུབས་པ་དང་། བྱ་བ་འདི་འདེམས་དོན་ངས་བསམ་ན་འདི་ནི་རྒྱུད་འཛིན་གྱི་བྱ་བ་ཞིག་ཡིན་ལ། ཁྲོན་བོད་གཞུང་ལམ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཆེད་རེ་བ་ཆེན་པོ་བཅངས་ཡོད།”
ཁྱིམ་གྱི་རྒན་རབས་པ་ཚང་མས་གཞུང་ལམ་གྱི་ལས་ཀ་བྱས་མྱོང་བའི་སྐལ་བཟང་སྒྲོལ་མ་ནི་དེ་ལྟར་ཆུང་དུས་ནས་བཟུང་རྒྱལ་ལམ317དང་འབྲེལ་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། ཁོ་མོར་མཚོན་ན་དཀར་མཛེས་རྫོང་གི་གཞུང་ལམ་གྱི་འགྱུར་ལྡོག་ནི་སེམས་སུ་གསལ་གསལ་རྗེན་རྗེན་ཡིན་པ་བཤད་མ་དགོས་པ་ཞིག་རེད། སྐལ་བཟང་སྒྲོལ་མས་འདས་སོང་ལ་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། ལམ་ཐག་རིང་བའི་རྐྱེན་གྱིས་ཆུང་དུས་གུང་གསེང་གཏོང་སྐབས་མ་གཏོགས་ཕ་མའི་སར་འགྲོ་མི་ཐུབ། སྐབས་དེ་དུས་གཞུང་ལམ་ས་ཚིགས་སུ་གློག་མེད་པ་དང་འཁྱགས་སྒམ་མེད་པས། དབྱར་ཁར་ཧ་ལམ་ཤ་མཐོང་རྒྱུ་མེད་པ་དང་། དགུན་ཁར་ཤ་ཉུང་ཙམ་མཐོང་རྒྱུ་ཡོད་ཅིང་། སྐབས་དེའི་ལམ་སྐྱོང་པ་དག་གི་འཐུང་ཆུ་ནི་ཆུ་མིག་ཁོ་ན་རེད། ལམ་སྐྱོང་པའི་ལས་ཀའི་ཆ་རྐྱེན་ཡང་ཧ་ཅང་ཞན། ངའི་སེམས་སུ་སྐབས་དེའི་ཕ་མ་གཉིས་ཀྱི་ལམ་སྐྱོང་ས་ཚིགས་དེའི་སྒོ་ཆེན་ནི་ལྕགས་སྐུད་ཀྱི་དྲ་བ་ཞིག་ཡིན་ལ། ཕ་མ་གཉིས་ཀྱིས་ལམ་དུ་ལས་ཀ་བྱེད་སྐབས་དུས་རྟག་པར་མི་ཤུགས་ལ་བརྟེན་དགོས་པ་ལས་དེང་སྐབས་ལྟ་བུའི་འཕྲུལ་ཆས་མང་པོ་མེད་ཟེར། དོན་དེའི་སྐོར་གྱི་བག་ཆགས་སྐལ་བཟང་སྒྲོལ་མའི་ཨ་མ་མིག་མིག་སྒྲོལ་མའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་ལྷང་ངེར་ཡོད།
“ངའི་ཨ་ཕ་དང་ཁྱོ་ག ང་། བུ་མོ་བཅས་ཚང་མ་གཞུང་ལམ་བདག་སྐྱོང་པ་ཡིན། ངའི་ཨ་ཕའི་གཞུང་ལམ་བདག་སྐྱོང་བྱེད་སྐབས་ཆ་རྐྱེན་ཧ་ཅང་ཞན་ལ་ལམ་ཚང་མ་ས་ལམ་རེད། ཆུ་དང་གློག་སོགས་མེད་ལ། ཆུ་ཡང་ལམ་ཐག་རིང་པོ་ནས་ཁུར་དགོས་པས་དཀའ་ངལ་ཧ་ཅང་ཆེ། དེ་ནས་ང་རང་གཞུང་ལམ་བདག་སྐྱོང་གི་ལས་ལ་ཞུགས་སྐབས་ཆ་རྐྱེན་ཅུང་ཇེ་བཟང་དུ་སོང་ཡོད་ལ། གཞུང་ལམ་དང་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཇེ་ལེགས་སུ་ཕྱིན་ཡོད། ད་ལྟ་བུ་མོའི་གཞུང་ལམ་བདག་སྐྱོང་གི་བྱ་བ་གཉེར་སྐབས་ཁང་པ་དང་། ཆུ། གློག་སོགས་ཕྱོགས་གང་ཅིའི་ཐད་ནས་ཇེ་ལེགས་སུ་ཕྱིན་ཡོད་པས། ད་ལྟའི་འཚོ་བ་དངོས་གནས་སྐྱིད་པོ་རེད།”
སྐལ་བཟང་སྒྲོལ་མས་སྔོན་ཆད་དང་ད་ལྟ་གཉིས་བསྡུར་བའི་སྒོ་ནས་བཤད་རྒྱུར། ངའི་བསམ་པར་ང་ཚོའི་ད་ལྟའི་འཚོ་བ་ནི་འབྱོར་འབྲིང་ཁྲོད་ཀྱི་འབྱོར་འབྲིང་ཞིག་རེད་འདོད། སྔོན་ཆད་ཀྱི་ལམ་སྐྱོང་པ་ཚོར་འཕྲད་མྱོང་བའི་ལུས་པོ་བཀྲུ་དཀའ་བ་དང་ཆུ་འཐུང་དཀའ་བ། སྔོ་ཚོད་བཟའ་དཀའ་བ་སོགས་ཀྱི་གནད་དོན་ད་ལྟ་ལྷག་ལུས་མེད་པར་ཐག་གཅོད་བྱས་ཡོད་ཅིང་། ད་དུང་ལམ་སྐྱོང་ས་ཚིགས་ཚང་མར་འཁྱགས་སྒམ་ཡོད་པ་དང་ཁྲུས་ཁང་བཟོས་ཡོད་ལ། གློག་འཐེན་ཡོད་པ་དང་རང་འབབ་ཆུ་འཐེན་ཡོད་པར་མ་ཟད། དེ་ལས་ཀྱང་ཆ་རྐྱེན་ཆེ་ཤོས་ཤིག་ནི་ལས་ཀ་བྱེད་སྟངས་འཕྲུལ་ཆས་ཅན་དང་མི་ཤུགས་སྔར་ལས་ཁ་སྣོན་བྱས་ཏེ། ཁ་ཆར་བུ་ཡག་སོགས་གནས་ཚུལ་དམིགས་བསལ་ཅན་བྱུང་ནའང་། ལས་ཁུངས་ཀྱིས་འཕྲུལ་ཆས་མངགས་ནས་ལམ་སྐྱོང་ལས་བཟོ་པ་དང་མཉམ་དུ་ལས་ཀ་ལས་ཆོག་པས་ཧ་ཅང་བཟང་སྙམ་ཟེར།
འཚོ་བ་དང་ལས་ཀའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད་ནའང་། ལམ་སྐྱོང་པ་ཞིག་ལ་མཚོན་ནས་བཤད་ན་སྔར་བཞིན་ཉིན་རེར་ཁ་ཆར་བུ་ཡུག་དང་རྦབ་རྡོ། རླུང་འཚུབ་སོགས་སྔོན་དཔག་བྱེད་ཐབས་བྲལ་བའི་གནོད་འཚེ་ལས་བསྐྱེད་པའི་ཉེན་ཁར་གདོང་གཏོད་དགོས། སྐལ་བཟང་སྒྲོལ་མ་ལམ་སྐྱོང་པ་ཞིག་ཏུ་གྱུར་པར་ཕ་མ་གཉིས་ཀྱིས་ཁོ་མོའི་ཆེད་དུ་སེམས་ཁྲལ་བྱེད་བཞིན་ཡོད་ནའང་ཁོ་མོའི་ཆེད་དུ་སྤོབས་པའང་སྐྱེས་ཀྱིན་ཡོད། ཁོ་མོས་གདོང་ལ་རྒྱལ་ཁའི་འཛུམ་ཞིག་ཕྱུང་ནས་བཤད་རྒྱུར། ངས་ལམ་སྐྱོང་ལས་དོན་འདིའི་རྒྱུན་མུ་མཐུད་སྐྱོང་རྒྱུ་ཡིན་པ་ཤེས་སྐབས་ངའི་ཨ་ཕ་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ང་ཚོ་མི་རབས་གསུམ་གྱིས་སྔ་ཕྱིར་གཞུང་ལམ་ལས་རིགས་སུ་ལམ་སྐྱོང་པའི་ལས་ཀ་གཉེར་བར་མ་ཟད། ཚང་མའི་ལས་ཀ་གཉེར་སའང་དཀར་མཛེས་གཞུང་ལམས་བདག་སྐྱོང་ཡན་ལག་ཅུའུ་རུ་ཡོད་པའི་དབང་གིས། ངས་འདི་ནི་རྒྱུན་འཛིན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། དེ་ནི་ངའི་མི་ཚེ་འདིར་མཚོན་ནས་བཤད་ན་གཟི་བརྗིད་ཅིག་ཏུའང་རློམ་ཡོད། ཁྱད་པར་དུ་ང་ནི་ལམ་སྐྱོང་པ་མི་རབས་གསུམ་པ་ཡིན་པས་ང་ལྷག་ཏུ་ང་རྒྱལ་དང་ལྡན་པའི་སྒོ་ནས་འཚོ་བཞིན་ཡོད་ཟེར།
སྐལ་བཟང་སྒྲོལ་མ་ཚང་ལྟ་བུའི་མི་རབས་ནས་མི་རབས་བར་གྱི་ལམ་སྐྱོང་པ་དག་གི་བློ་རྩེ་གཅིག་སྒྲིམ་དང་དཀའ་ངལ་གདོང་ལེན་གྱིས་གཞི་ནས་ང་ཚོའི་རྐང་འོག་གི་གཞུང་ལམ་ཆེན་པོ་སྟེ། ཁྲོན་བོད་གཞུང་ལམ་འདི་མུ་མཐུད་མཐའ་རུ་བསྲིངས་ཐུབ་པ་བྱུང་བ་ཡིན་ལ། ཁོ་ཚོས་ཁྲོན་བོད་གཞུང་ལམ་འདིར་རང་ཉིད་ཀྱི་དཔྲལ་བའི་མིག་བཞིན་སྲུང་སྐྱོབ་བྱས་པར་བརྟེན། གཞི་ནས་ཁྲོན་བོད་གཞུང་ལམ་འདི་ཉིད་བོད་ལྗོངས་དང་ལམ་རྒྱུད་ཀྱི་གྲོང་མིའི་ཐོན་སྐྱེད་འཚོ་བའི་སྲོག་རྩ་གལ་ཆེན་ཞིག་ཏུ་གྱུར་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བཞི་ལོར་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་སྟེང་རླངས་འཁོར་བཏང་ནས་ལོ་དྲུག་ཅུ་འཁོར་བའི་སྐབས་སུ་གསུང་བཤད་གལ་ཆེན་གནང་སྟེ། གནས་བབ་གསར་པའི་འོག་ཏུ།“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བྱེད་པ་དང་། “ལམ་གཉིས”ལ་བདག་སྐྱོང་བཟང་བོ་བྱས་ཤིང་།“ལམ་གཉིས”ཀྱི་འགྲིམ་འགྲུལ་གེགས་མེད་ཡོང་བར་བྱས་ཏེ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུས་ནམ་ཡིན་ཡང་མི་རིགས་མཐུན་སྒྲིལ་གྱི་ལམ་དང་། བོད་ལྗོངས་ཤེས་དཔལ་ཡར་ཐོན་གྱི་ལམ། བོད་ལྗོངས་རིགས་སོ་སོའི་སྤུན་ཟླ་ཐུན་མོང་འབྱོར་ཕྱུག་གི་ལམ་བཅས་སུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། ལམ་གཉིས་ཀྱི་སྟེང་རླངས་འཁོར་བཏང་རྗེས། སྐལ་བཟང་སྒྲོལ་མ་ལྟ་བུའི་མི་རབས་ནས་མི་རབས་བར་གྱི་ལམ་སྐྱོང་པ་བགྲང་ལས་འདས་པ“ལམ་གཉིས”ཀྱི་འགྲམ་རྒྱུད་དུ་བཅའ་སྡོད་བྱས་ཏེ། གཞུང་ལམ་གེགས་མེད་ཡོང་བར་འགན་སྲུང་བྱས་དང་བྱེད་བཞིན་ཡོད་ལ། ཁོ་ཚོ་ནི“ལམ་གཉིས”ཀྱི་སྙིང་སྟོབས་ཐད་ཀར་དུ་རྒྱུན་འཛིན་བྱེད་མཁན་རེད།
གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།
ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།