དཀར་མཛེས་རྫོང་སློབ་འབྲིང་གཉིས་པས་དེང་རབས་སློབ་སྒྲུབ་ཆ་རྐྱེན་འཐུས་ཚང་དུ་བཏང་།
2024.08.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30


དཀར་མཛེས་རྫོང་ཏང་ཨུ་དང་སྲིད་གཞུང་། སློབ་གསོ་སྡེ་ཁག སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣའི་རྒྱབ་སྐྱོར་ཆེན་པོ་དང་། སློབ་མ་དང་ཁྱིམ་བདག་ཚོའི་རེ་ལྟོས་འོག་ཏུ། དཀར་མཛེས་རྫོང་སློབ་འབྲིང་གཉིས་པས2023ལོའི་ཟླ9པར་དངོས་སུ་སློབ་མ་བསྡུ་འགོ་བརྩམས། གསར་དུ་བཙུགས་པའི་སློབ་གྲྭ་འདི་ནི་དཀར་མཛེས་རྫོང་སློབ་གསོའི་གླིང་ཁུལ་དུ་ཡོད་ཅིང་། དཀར་མཛེས་རྫོང་ཁམས་པ་ལམ་ཆེན་གྱི་ཐག་ཉེ་རུ་ཡོད། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ་བརྒྱ་དང་ཞེ་བདུན་དང་གྲངས་ཆུང་ང་ལྔ་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་གསུམ་དང་སྟོང་དྲུག་ལྔ་བརྒྱ་ཞེ་གཅིག་དང་གྲངས་ཆུང་གསུམ་གཉིས་ཡོད་ཅིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་བཏང་ཡོད། དཀར་མཛེས་རྫོང་སློབ་འབྲིང་གཉིས་པའི་ཆབ་སྲིད་སློབ་སྟོན་ཁང་གི་ཀྲུའུ་རིན་ཀརྨ་བཤད་སྒྲུབ་ཀྱིས་བཤད་རྒྱུར།

“དཀར་མཛེས་རྫོང་སློབ་འབྲིང་གཉིས་པ་ནི་དཀར་མཛེས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་གསར་དུ་བཙུགས་པའི་དཀར་མཛེས་ཀྱི་ཁམས་པའི་སློབ་གསོ་གྲོང་ཁྱེར་ཞེས་པའི་ཁྲོད་གྲུབ་འབྲས་ཆེས་བཟང་ཤོས་ཤིག་ཡིན། ང་ཚོའི་སློབ་གྲྭའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སུམ་ཁྲི་དྲུག་སྟོང་ལྔ་བརྒྱ་ལྷག་ཡོད། 2023ལོའི་ཟླ་དགུ་པའི་ནང་སློབ་མགོ་བཙུགས་པ་དང་། སློབ་མ་ཉིས་སྟོང་བཞི་བརྒྱ་ལྷག་ཡོད་ལ་དགེ་རྒན་གོ་བཞི་ཡོད། ཐག་ཉེ་ཡི་གསེར་རྟ་དང་ཉེ་འགྲམ་གྱི་རྫོང་མང་པོའི་སློབ་མ་ཡང་ང་ཚོའི་སློབ་གྲྭར་སློབ་ཞུགས་བྱེད་བཞིན་ཡོད་ལ། སློབ་གསོའི་ཐད་ནས་ཁོ་ཚོ་རང་ཉིད་ཀྱི་འདོད་བློ་སྐོང་ཐུབ་པ་སོགས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད།”

དཀར་མཛེས་རྫོང་སློབ་འབྲིང་གཉིས་པས་དེང་རབས་ཅན་གྱི་སློབ་གྲྭའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་གྱི་སྒྲིག་ཆས་དང་དགེ་རྒན་གྱི་དཔུང་སྡེའི་ནུས་ཤུགས་གསར་པ་བཀོད་སྒྲིག་བྱས་ནས། རིག་ནུས་དེང་རབས་ཅན་གྱི་སློབ་ཁྲིད་ཁོར་ཡུག་འབད་པས་སྐྲུན་བཞིན་ཡོད། སློབ་གྲྭ་འདིར་མིག་སྔར་སློབ་ཁྲིད་ཐོག་ཁང4དང་སློབ་མ་སྟོང་གཅིག་དང་དྲུག་བརྒྱ་བསྡད་ཆོག་པའི་ཉལ་ཁང་ཐོག་ཁང2། དགེ་རྒན་བརྒྱ་བསྡད་ཆོག་པའི་དགེ་རྒན་གྱི་ཉལ་ཁང་ཐོག་ཁང4། ཚད་ལྡན་ཅན་གྱི་ཕྱོགས་བསྡུས་ལུས་རྩལ་ར་བ་དང་ལྒང་ལི་འགྲན་སྡུར་ཁང་། རྐང་རྩེད་སྤོ་ལོའི་ར་བ་སོགས་ནང་ལོགས་ཀྱི་སློབ་གྲྭ་ཞིག་ལ་ཅི་ཡོད་ཀྱི་སློབ་སྒྲུབ་ཆ་རྐྱེན་ཚང་མ་འཛོམས་ཡོད།  རྒྱང་བསྟེན་དྲ་རྒྱའི་སློབ་ཁང་དང་ཕབ་གཏོང་ཁང་། རི་མོ་འབྲི་ཁང་། རོལ་དབྱངས་ཁང་། སེམས་ཁམས་རམ་འདེགས་ཁང་། གསར་གཏོད་ཁང་སོགས་ཀྱིས་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སློབ་ཁྲིད་ཐོན་ཁུངས་འདང་ངེས་དང་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།

 དཀར་མཛེས་རྫོང་སློབ་འབྲིང་གཉིས་པའི་སློབ་སྟོན་ཁང་གི་ཀྲུའུ་རིན་གཞོན་པ་ཚེ་རིང་མཁའ་འགྲོས་བཤད་རྒྱུར།

“ང་ཚོའི་སློབ་གསོ་དེ་གཙོ་བོར་རྒྱལ་ཁབ་བློ་གྲོས་སྤྲིན་སྟེགས་སྤྱད་ནས་སློབ་མ་རྣམས་ལ་ཁྲིད་བྱའི་ནང་དོན་གཙོར་བཟུང་ནས་སློབ་ཁྲིད་བྱེད་ཀྱིན་ཡོད།”

དཀར་མཛེས་རྫོང་སློབ་འབྲིང་གཉིས་པས“ཁམས་བྱང་སློབ་གསོའི་གྲོང་ཁྱེར”འཛུགས་སྐྲུན་འཆར་འགོད་གཞིར་བཟུང་ནས། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་ཕུལ་བྱུང་དགེ་རྒན་དང་རྐང་འཛིན་དགེ་རྒན། མཐོ་རིམ་དགེ་རྒན་བཅས་ལྟེ་བར་བཟུང་ཐོག གསར་དུ་གདན་ཞུ་བྱས་པའི་དགེ་རྒན་གཙོར་བཟུང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་དགེ་རྒན་གྱི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་བསྐྲུན་ཡོད། 2023ལོའི་དཔྱིད་ཀར། དཀར་མཛེས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་འོག་ཏུ། མཐོ་རིམ་སློབ་ཆེན་ཁག་ནས་སློབ་མཐར་ཕྱིན་པའི་ཕུལ་བྱུང་སློབ་ཆེན་སློབ་མ38ལ་དུས་ཡུན་ལོ་ཕྱེད་ལྷག་གི་རིང་གཅིག་སྡུད་གསོ་སྦྱོང་བྱས་ནས། སློབ་གྲྭ་འདིའི་དགེ་རྒན་གྱི་དཔུང་སྡེ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། སློབ་མ་རྣམས་ཀྱིས་སྤུས་ཚད་མཐོ་བའི་སློབ་གསོ་མྱོང་བར་ཁག་ཐེག་བྱས་ཡོད། སློབ་མ་ཕུར་བ་ཡིས་བཤད་རྒྱུར།

“ང་ནི་མཐོ་གཅིག་གི་སློབ་མ་ཞིག་ཡིན། ང་རང་སློབ་གྲྭ་འདིར་ཡོང་དོན་ནི་ངའི་ཕ་ཡུལ་གསེར་རྟ་རུ་མཐོ་འབྲིང་མེད་པ་དང་། ཐག་རིང་དུ་སོང་ན་ཕ་མས་སེམས་ཁྲལ་བྱེད་ཀྱིན་ཡོད། སྟབས་ལེགས་པ་ཞིག་ལ་དཀར་མཛེས་སློབ་འབྲིང་གཉིས་པ་ཞེས་པའི་སློབ་གྲྭ་ཞིག་ཡོད་པ་ཤེས་ནས་སློབ་གྲྭ་འདིར་ཡོང་ནས་སློབ་སྦྱོང་བྱས་པ་ཡིན་ལ། དགེ་རྒན་ཡང་ཧ་ཅང་བཟང་པོ་ཞིག་དང་འཕྲད། སློབ་གྲྭ་གསར་པ་འདིའི་ཕྱིའི་ཁོར་ཡུག་དང་ཟ་ཁང་གི་ཟ་མ་སོགས་ཧ་ཅང་བཟང་། རྗེས་ཕྱོགས་སློབ་མ་གསར་པ་སློབ་གྲྭ་འདིར་ཡོང་ན་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་ཧ་ཅང་བཟང་གི”

དཀར་མཛེས་རྫོང་སློབ་འབྲིང་གཉིས་པས“མཐོ་སྒང་ནས”རིག་གནས་གཞི་རྟེན་དུ་བྱེད་པ་དང་། “ནས་དང་མཉམ་དུ་འཚར་ལོངས་འབྱུང་བར་རྩེ་གཅིག་ཏུ་གཞོལ་བ”། “ལོ་རེར་ས་བོན་ཐེངས་རེ་འདེབས་པ་དང་ལོ་རེར་སྟོན་འབྲུ་ཐེངས་རེ་བསྡུ་རྒྱུ”ཞེས་པ་ནང་དོན་དུ་བཟུང་སྟེ། མཐོ་སྒང་ནས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སློབ་བུ་མང་པོ་སྐྱེད་སྲིང་བྱེད་བཞིན་ཡོད།

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།