སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་ཕྱོགས་བཞི་མཚམས་བརྒྱད་དག་ན་གདོད་མའི་རང་བྱུང་གི་ནགས་ཚལ་སྟུག་པོས་བསྐོར་ཡོད་པ་དཔེར་ན། ཟིལ་རྒྱུད་དང་འབྲི་རྒྱུད་སྟོད་སྨད་ཀྱི་ཐང་ཤིང་དང་། ཤུག་པ། བེ་ཤིང་། ལྕུག་མ། འཁྲིས་པ་ལ་སོགས་པའི་གདོད་མའི་རང་བྱུང་གི་ནགས་ཚལ་གྱིས་ཕྱོགས་ཀུན་ནས་བསྐོར་ལ། དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཟླ་ཆུ་སྔོན་མོ་གཡོན་ནས་འབབ་ཅིང་། འབྲི་ཀླུང་གཙང་པོ་གཡས་ཕྱོགས་ནས་འབབ་པ། ཟིལ་ཆུ་དང་། དཔའ་ཆུ་དང་། རྨེ་ཆུ་ལ་སོགས་ཆུ་ཕྲན་མང་པོ་ཕྱོགས་མཐའ་དག་ནས་ལྷུང་ལྷུང་དུ་བཞུར་བ། ཤར་ཕྱོགས་དཔའ་འོག་ལྷ་སྡེ། ལྷོ་སྡེ་ཕྱི་འབྲོག་ཁག་ལྔ། བྱང་སྡེ་ཟླ་ཆུ་ཁག་ལྔ་སོགས་འབྲོག་སྡེའི་རྩྭ་ཐང་རྣམས་སུ་མེ་ཏོག་སེར་ཆེན་དང་། གུར་གུམ་མེ་ཏོག གའུ་ལྕང་ཤོག ཨུཏྤལ་སྔོན་པོ། ཤང་དྲིལ་དཀར་དམར། ལུག་མིག་མེ་ཏོག་སོགས་མེ་ཏོག་གི་རིགས་རྣམས་ལྷ་ཡི་སྐྱེད་ཚལ་མི་ཡུལ་དུ་བབས་པ་ལྟར་བཀྲག་མདངས་ལྡན་ཞིང་མིག་དང་ཡིད་ཀྱི་དབང་པོ་འཕྲོག་པར་བྱེད་པའི་རང་བྱུང་མཛེས་པའི་དཔལ་ཡོན་རང་བཞིན་གྱིས་བཞད་ཡོད།
གནས་འདིར་སི་ཏུ་ཆོས་ཀྱི་འབྱུང་གནས་དང་འབེ་ལོ་ཚེ་དབང་ཀུན་ཁྱབ། དེ་བཞིན་རིག་པའི་གནས་མཐའ་དག་ལ་མཁས་པའི་དབོན་པོ་ཀརྨ་ངེས་ལེགས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། ཀ་ཐོག་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ལ་སོགས་པ་བོད་གངས་ཅན་ལྗོངས་འདིར་སྙན་གྲགས་ཆེ་བའི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་མཐའ་དག་ལ་བྱང་ཆུབ་པའི་མཁས་པ་ཆེན་པོ་མང་པོ་ཞིག་བྱུང་ཡོད། དེ་མིན་ད་དུང་སྡེ་དགེ་རྫོང་སྨན་ཤོད་གྲོང་རྡལ་དུ་བཟོ་རིག་ལག་རྩལ་ཀུན་གྱི་གཙོ་བོར་གསེར་དངུལ་གྱི་རྒྱན་ཆ་དང་། གྲི་དང་དྲིལ་བུ། མེ་ཆ་དང་། སྤར་ཁུག་སོགས་ཀྱི་ལག་རྩལ་ལ་སྐད་གྲགས་ཆེན་པོ་ཡོད། མཁྱེན་ལི་ཀུང་ཟིའི་ཁྲོམ་རའི་ཚོང་གཉེར་ལྟ་སྐུལ་པ་ཟླ་བ་སྒྲོལ་མས་བཤད་རྒྱུར།
“མཁྱེན་ལི་ཀུང་ཟིའི་ལག་རྩལ་འདི་ག་འདྲ་ཡིན་ཟེར་ན། ས་གནས་འདིའི་ལག་རྩལ་དང་ས་གནས་འདིའི་བཟོ་རྩལ། ས་གནས་འདིའི་གཏམ་རྒྱུད་དང་ལོ་རྒྱུས་ཁྱབ་བསྒྲགས་བྱ་རྒྱུ་དེ་དམིགས་ཡུལ་གཙོ་བོར་འཛིན་རྒྱུ་དེ་ཡིན། ད་ལྟའི་མཁྱེན་ལི་ཀུང་ཟི་རུ་ལག་ཤེས་བཟོ་རྩལ་པ་སོ་བདུན་ཡོད། མི་སོ་བདུན་པོའི་ནང་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་གཅིག་དང་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་གཉིས། དཀར་མཛེས་ཁུལ་རིམ་པའི་རྒྱུན་འཛིན་པ་ཉི་ཤུ་ལྷག་ཡོད། ད་སྐབས་མཁྱེན་ལིའི་ལག་ཤེས་བཟོ་རྩལ་གྱི་དམིགས་ཡུལ་ཅི་ཡིན་པའི་ཕྱོགས་ནས་བཤད་ན། ས་གནས་འདིའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གཙོར་བཟུང་ནས་དཔལ་འབྱོར་དང་རིག་གནས་དར་སྤེལ་ཐད་མུ་མཐུད་འབད་པ་བྱེད་འདོད་ཡོད། ད་ལྟ་དཀར་མཛེས་ཁུལ་དང་སྡེ་དགེ་རྫོང་གིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཐད་ལ་སྲིད་ཇུས་དང་རྒྱབ་སྐྱོར་མང་པོ་ཡོད་པ་རེད། དེར་མ་ཟད། ལག་ཤེས་ཐོན་རྫས་མང་པོ་བསྐུར་དགོས་ཚེ་གཙོ་བོ་དྲ་ཐོག་ནས་སྐུར་བཞིན་ཡོད་པ་དང་། གཟའ་འཁོར་གཅིག་གི་ནང་ཐེངས་གསུམ་ལ་བསྐུར་ཆོག་པར་མ་ཟད། ས་ཆ་གང་ཡིན་ཡང་ཉི་མ་ལྔ་ནས་ཉི་མ་བདུན་ནང་དངོས་པོ་ཐོན་ཐུབ། ད་ལོ་ནས་བཟུང་ཕྱི་རྒྱལ་དུའང་ཐད་ཀར་གྱི་ཚོང་ལམ་བཙུགས་ཡོད་པས། ཉི་མ་བཅོ་ལྔ་ནས་བཅུ་བདུན་ནང་དངོས་པོ་ཐོན་ཐུབ།”
སྨན་ཤོད་ལ་ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་ཡོད་ཅིང་། དེང་སྐབས་ཐང་ཀ་དང་བསླས་འཐག རྫ་ནག་བཟོ་རྩལ། ཤིང་བརྐོས་སོགས་ལག་ཤེས་སློབ་སྦྱོང་བཟོ་ཁང་སྣ་ཚོགས་སྨན་ཤོད་རི་ཁུལ་གྱི་གྲོང་ཚོ་གང་སར་ཁྱབ་ཡོད་ཅིང་། བོད་བརྒྱུད་ལག་ཤེས་ལག་རྩལ་ལས་གཞི18ཀྱི་འཛིན་གྲྭ30ལྷག་ཙམ་གནས་འདིར་ཡོད་པའི་དབང་གིས། ས་གནས་ཀྱི་ལག་ཤེས་བཟོ་པ2000ལྷག་གསོ་སྐྱོང་བྱས་ཡོད། མཁྱེན་ལི་ལག་ཤེས་རྒྱུན་འཛིན་པ་ཟླ་བ་གྲགས་པས་བཤད་རྒྱུར།
“ངས་ལོ་དྲུག་བདུན་ཙམ་ནས་ཨ་ཕ་དང་མཉམ་དུ་མཁྱེན་ལིའི་ལག་ཤེས་བཟོ་རྩལ་ལ་སློབ་སྦྱོང་བྱས་པ་ཡིན། ངས་གཙོ་བོ་གསར་གཏོད་ཀྱི་ལས་ཀའི་འགན་ཁུར་ཡོད་དེ། དཔེར་ན། སྐེ་རྒྱན་དང་རྣ་ལུང་སོགས་གསར་བཟོ་བྱ་རྒྱུ་དེ་རེད། དེ་ལ་དོན་སྙིང་ཅི་ཡོད་པའི་ཐད་ནས་བཤད་ན། བོད་ཀྱི་གཏམ་རྒྱུད་དང་བོད་ཀྱི་རི་མོའི་གཟུགས་དབྱིབས་སོགས་ལ་གཞི་བཅོལ་ནས་གསར་གཏོད་བྱས་ནས་གྲུབ་པ་ཞིག་ཡིན་ལ། དེའི་ཁྲོད་ཐོན་རྫས་ཀྱི་ནང་དོན་དང་ཐོན་རྫས་ལས་སྟངས་སོགས་སྲོལ་རྒྱུན་གྱི་ལས་སྟངས་ལྟར་ཡིན་པ་དང་། དེ་ལ་གསར་གཏོད་ཅི་བྱས་པ་ཡིན་ཟེར་ན། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ཡོད་དེ། དཔེར་ན། སྐེ་རྒྱན་དང་རྣ་རྒྱན་སོགས་བཟོ་ལྟ་ཆུང་ཆུང་གི་རྣམ་པར་འགྱུར་བ་བཏང་བ་ཡིན། ཡིན་ཡང་ཐོན་རྫས་བཟོ་རྩལ་གྱི་ཁྱད་ཆོས་དང་ཐོན་རྫས་ཀྱི་རྒྱུ་ཆར་འགྱུར་བ་བཏང་མེད། དེར་འགྱུར་བ་གཏོང་མི་ཉན་པའི་རྒྱུ་མཚན་ནི་ང་ཚོས་སྲོལ་རྒྱུན་གྱི་ལག་རྩལ་དེ་རྒྱུན་འཛིན་དང་གོང་འཕེལ་གཏོང་དགོས་ན། ཚོང་རར་འགྲེམ་སྐབས་དུས་རབས་དང་བསྟུན་ནས་གསར་གཏོད་གཏོང་མ་ཐུབ་ན། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་རྒྱུན་ཆད་འགྲོ་བའི་ཉེན་ཁར་འཕྲད་སྲིད་པས། གནའ་དེང་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་ན་ད་གཟོད་དར་སྤེལ་དང་རྒྱུན་འཛིན་ཡག་པོ་བྱེད་ཐུབ་པར་འདོད།”
སྨན་ཤོད་དུ་མི་གྲངས་དྲུག་སྟོང་ལྷག་ཡོད་པའི་ནང་དུ་ལག་ཤེས་པ་ཉིས་སྟོང་ལྷག་ཡོད་ལ། ཚང་མ་རང་ས་གནས་ནས་ལས་ཞུགས་བྱས་ཏེ་ཡོང་འབབ་ངེས་ཅན་ལེན་བཞིན་ཡོད་པས་སྟབས་ཤིན་ཏུ་བདེ། ལག་ཤེས་བཟོ་པ་བྱང་ཆུབ་ཀྱིས་བཤད་རྒྱུར།
“ངས་སློབ་གྲྭར་འགྲིམས་ནས་སློབ་མཐར་ཕྱིན་རྗེས་ལག་ཤེས་སྦྱངས་པ་ཡིན། ལག་ཤེས་སྦྱངས་ནས་ད་ལྟའི་བར་ལོ་བཞི་ཙམ་འགོར་ཡོད། ངའི་ལས་ཀ་གཙོ་བོ་དེ་རྒྱན་ཆའི་རིགས་ཀྱི་སྐེ་རྒྱན་དང་རྣ་རྒྱན་སོགས་ལས་རྒྱུ་དེ་ཡིན། ཉི་མ་གཅིག་ལ་སྒོར་བརྒྱ་དང་བདུན་ཅུ་ཙམ་གྱི་ཡོང་སྒོ་ཡོད་པས། ཡོང་སྒོ་ཡང་ལོ་རེ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ལག་རྩལ་དང་ཡོང་སྒོའི་ཐད་ནས་ཕན་འབྲས་གང་མང་ཞིག་ཐོན་བཞིན་ཡོད།”
སྨན་ཤོད་གྲོང་རྡལ་གྱི་ལག་ཤེས་ཐོན་རྫས་དག་ཡུལ་དངོས་ནས་ཡུལ་སྐོར་པ་དང་ཉོ་མཁན་རྣམས་ལ་བཙོང་བཞིན་པར་མ་ཟད། དྲ་ཐོག་གི་ཚོང་ལམ་བརྒྱུད་དེ་རྒྱལ་ཁབ་ཕྱི་ནང་གི་ས་ཆ་སོ་སོར་བཙོང་བཞིན་ཡོད་ལ། ལག་ཤེས་བཟོ་རྩལ་གཉེར་བའི་ཁེ་ལས་དག་གི་ཡོང་འབབ་ཀྱང་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད། རྫ་ནག་རྒྱུན་འཛིན་པ་ཀུན་དགའ་བློ་གྲོས་ཀྱིས་བཤད་རྒྱུར།
“ངེད་ཚང་གི་རྫ་ནག་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དུ་ལས་བཞིན་ཡོད་ལ། ཡོང་སྒོ་ཡང་དེ་སྔོན་ལོ་གཅིག་ལ་སྒོར་ཁྲི་ལྔ་ནས་ཁྲི་བཅུ་དང་། ཁྲི་ཉི་ཤུ་བཅས་ནས་ད་ལྟའི་དུས་འདིར་སྒོར་ཁྲི་སུམ་ཅུ་ཙམ་གྱི་ཡོང་སྒོ་བཙལ་ཐུབ་པས། མ་འོངས་པར་ཚོང་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཐུབ་པར་ཆོད་སེམས་བརྟན་པོ་ཡོད།”
སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པའི་སྨན་ཤོད་ལག་ཤེས་བཟོ་རྩལ་གྱིས་ད་ལྟ་མཆོང་སྐྱོད་ཀྱི་དུས་སྐབས་གསར་པ་ཞིག་བསུས་ཏེ། དེང་རབས་བཟོ་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དུ་མདུན་སྐྱོད་ཀྱི་སྐྱ་རེངས་ངང་གིས་བསུ་བཞིན་ཡོད་དོ། །
གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།
ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།