རིག་གནས་ཀྱི་བང་མཛོད་ཆེན་མོ་སྡེ་དགེའི་པར་ཁང་།
2024.08.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 6

བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ངོས་ནས་བཤད་ན། སྡེ་དགེ་རྫོང་ལ་གེ་སར་རྒྱལ་པོའི་ཕ་ཡུལ་དང་ཟུར་ལུགས་གསོ་རིག་གི་འབྱུང་ཁུངས། ཀྲུང་གོའི་བོད་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་སོགས་ཀྱི་མཚན་སྙན་ཡོད་ལ། ལོ་ངོ་དུ་མའི་རིང་ཕུན་སུམ་ཚོགས་པའི་རིག་གནས་འདི་དག་ས་ཆ་འདི་ནས་རྒྱུན་འཛིན་དར་སྤེལ་གཏོང་ཐུབ་ཡོད།

སྡེ་དགེ་རྫོང་ཁོངས་སུ་གཡུ་འབྲུག་སྔོན་མོ་ཐང་ནས་རྒྱུ་འདྲའི་འབྲི་ཆུའི་འགྲམ་ངོགས་ན། གཞི་རྒྱ་ཆེན་པོའི་བོད་ལུགས་བཟོ་བཀོད་མང་པོ་དུས་ད་ལྟའི་བར་གྲ་མ་ཉམས་ཤིང་གྲུ་མ་ཞིག་པར་མཐོངས་ཡངས་པའི་ས་ཆེན་འདིའི་སྟེང་བརྗིད་ཉམས་ངང་གནས་ཡོད་པ་དེ་ནི་མཚན་སྙན་སྲིད་གསུམ་ལ་ཁྱབ་པའི་བོད་ཀྱི་རིག་གནས་བང་མཛོད་ཆེན་མོ་དང་རང་རྒྱལ་བོད་རིགས་ས་ཁུལ་གྱི་ཆེས་ཆེ་བའི་པར་ཁང་སྟེ་སྡེ་དགེའི་པར་ཁང་ལགས།

མཚན་ཆ་ཚང་ལ་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ཞེས་བྱ་བ་འདི་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲིན་གྱི་སྲིད་ལོ་བདུན་པ་སྟེ། སྤྱི་ལོ1729ལོར་སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ་བསྟན་པ་ཚེ་རིང(སྤྱི་ལོ1678-1738)གིས་གསར་དུ་བཞེངས། སྡེ་དགེ་རྫོང་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཡེ་ཤེས་དབང་པོས་བཤད་རྒྱུར།

 “ད་ལྟ་སྡེ་དགེ་པར་ཁང་ནང་པར་ཤིང་འབུམ་ཕྲག་གསུམ་ལས་བརྒལ་བ་ཡོད་ཅིང་། པར་ཤིང་འབུམ་ཕྲག་གསུམ་ནང་གི་འབུམ་ཕྲག་གཉིས་ཙམ་གྱི་པར་ཤིང་མང་ཆེ་བ་དེ་པར་རྙིང་གི་གྲས་སུ་ཚུད་ཡོད་ལ། སྤྱིར་བཏང་སྡེ་དགེ་པར་ཁང་གི་པར་རྙིང་གི་གྲས་སུ་ཚུད་པའི་བཀའ་འགྱུར་དང་བསྟན་འགྱུར་གཙོ་བྱས་པའི་པར་ཤིང་སྐོར་ལ་མཚོན་ནས་བཤད་ན། བོད་རིག་པ་ཞིབ་འཇུག་ཁོངས་གཏོགས་སུ་ནང་དོན་ལ་ཡིག་ནོར་ཉུང་ཤས་དང་ནང་དོན་དག་ཅིང་གསལ་བའི་ཁྱད་ཆོས་ལྡན་པས། མང་ཆེ་བ་འཛམ་གླིང་སྟེང་གི་བོད་རིག་པ་ཞིབ་འཇུག་ཁྲོད་རྣམ་པ་ཆེ་ཤས་དང་བརྩི་མཐོང་ཆེ་ཤོས་སུ་གྱུར་ཡོད།  སྤྱིར་བཏང་སྡེ་དགེ་པར་ཁང་ལ་མཚོན་ན། སྤྱི་ཚོགས་རྙིང་པའི་ནང་མཛད་རྗེས་ཧ་ལས་པ་བསྐྲུན་ཡོད་པ་རེད། ནང་སྒོས་སུ་ཁམས་ཕྱོགས་ཀྱི་ནང་བསྟན་རིག་པ་གཙོ་བྱས་པའི་རིག་གནས་ཁག་སོ་སོ་དེ་ཡིག་ཐོག་དང་དཔེ་ཆའི་ཐོག་ནས་དར་སྤེལ་གཏོང་བའི་ཐབས་ལམ་གྱི་མཛད་རྗེས་དང་བཀའ་དྲིན་གང་མང་བསྩལ་ཡོད། དུས་རབས་གསར་པའི་ནང་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱེད་པའི་ཐད་ལའང་མཛད་རྗེས་ཆེན་པོ་བཞག་ཡོད་དེ། དཔེར་ན། བཅོས་སྒྱུར་སྒོ་འབྱེད་རྗེས་སུ་སྡེ་དགེའི་པར་ཁང་ནང་དུ་པར་བརྐོ་མཁན་དང་། བྲིས་འབྲི་མཁན། རི་མོ་འབྲི་མཁན། པར་འདེབས་མཁན་ལ་སོགས་ཀྱི་སྦྱངས་པ་མཐར་ཕྱིན་པའི་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་ནས། སྡེ་དགེ་པར་ཁང་འདི་རྒྱུན་འཛིན་དང་དར་སྤེལ་ཐུབ་པའི་ཕྱོགས་སུ་ཤུགས་ཆེན་པོ་བརྒྱབ་ཡོད།”

དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་སྡེ་དགེའི་ཆོས་རྒྱལ་རིམ་བྱོན་དང་དགོན་སྡེ་ཁག དགེ་བའི་བཤེས་གཉེན། གཞན་ས་གནས་སོ་སོའི་ཚོ་དཔོན་སོགས་ཀྱིས་སྔ་རྗེས་སུ་སྡེ་དགེའི་པར་ཁང་གི་པར་ཤིང་ཁ་སྣོན་དང་གཞི་ཁྱོན་རྒྱ་བསྐྱེད་ལ་ལྷག་བསམ་རྣམ་པར་དག་པས་འབད་པ་བྱས་རྐྱེན། པར་ཁང་ཆེན་མོའི་གཞི་རྒྱ་རིམ་བཞིན་ཇེ་ཆེར་གྱུར། བོད་ལུགས་ཁང་པའི་ནང་དུ་པར་ཤིང་དག་གྲལ་དག་མོར་བསྒྲིགས་ཡོད་ཅིང་། མཛོད་ཁང་དུ་རྒྱ་ལུགས་དང་བོད་ལུགས་ཀྱི་ཤོག་བུ་མང་པོ་ཉར་ཡོད་པ་དང་། ཐོག་ཁང་དུ་ཆེད་དུ་དཔེ་ཆ་སྐམ་སའི་ལྡིང་ཁང་དང་། ཁྱམས་འོག་ཏུ་པར་ཤིང་བཀྲུ་སའི་ཤིང་གི་པར་གཞོང་ཆེན་པོ་བཅས་ཡོད། ཡེ་ཤེས་དབང་པོས་མུ་མཐུད་དུ་བཤད་རྒྱུར།

“ད་ལྟའི་ཆ་འདིར།  སྡེ་དགེ་པར་ཁང་ནང་གི་པར་བརྐོ་མཁན་དང་པར་འདེབས་མཁན། ཤོག་བཟོ་མཁན་སོགས་ཚང་མ་བརྩིས་ན་ལས་ཀ་ལས་མི་བདུན་ཅུ་ལྷག་ཙམ་ཡོད་ཅིང་། དེ་ཚོ་ཚང་མས་སྡེ་དགེ་པར་ཁང་གི་ལས་ཀ་ཁོ་ན་གཙོར་བཟུང་ནས་བྱ་བ་སྒྲུབ་བཞིན་ཡོད། མ་འོངས་པའི་ཐད་ནས་བཤད་ན། སྡེ་དགེ་པར་ཁང་གིས་མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུའི་ཐད་ལ་མུ་མཐུད་དུ་འབད་པ་བྱ་རྒྱུ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་ཇེ་མང་དུ་བཏང་ནས་གསོ་སྐྱོང་ཡག་པོ་བྱ་རྒྱུ་དང་། བེད་སྤྱོད་གང་ལེགས་གཏོང་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་པའི་ཐད་ནས་བསམ་བློ་གཏོང་བ་དང་འཆར་གཞི་ཡག་པོ་འགོད་བཞིན་ཡོད།  སྤྱིར་བཏང་སྡེ་དགེ་པར་ཁང་འདི་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་རྒྱུ་དེ་མཐར་གཏུགས་ནས་བཤད་ན།  བོད་ཀྱི་རིག་གནས་མང་པོ་ཞིག་སྡེ་དགེ་པར་ཁང་བརྒྱུད་ནས་རྒྱུན་འཛིན་དར་སྤེལ་གཏོང་ཐུབ་པའི་བསམ་བློ་དེ་འདྲ་ཞིག་ཆགས་ཡོད་སྟབས། སྡེ་དགེ་པ་ཡོངས་དང་བོད་མི་རིགས་ཀྱི་མི་ཚང་མར་སྡེ་དགེ་པར་ཁང་སྲུང་སྐྱོབ་དང་ཁྱབ་བསྒྲགས་བྱེད་དགོས་པའི་འོས་འགན་ཡོད་པར་འདོད།”

ལོ་རྒྱུས་སྟེང་པར་ཤིང་རྙིང་པ་ཆེས་མང་དུས་འབུམགཉིས་དང་ཁྲི་གཉིས་ལྷག་ཡོད་པ་དང་། པར་ཤིང་རེ་རེའི་ངོས་གཉིས་ལ་ཡི་གེ་བརྐོས་ཡོད་པ་དང་ཡིག་གཟུགས་གསལ་ཞིང་གསོན་ཉམས་ལྡན། ཞིབ་ཚགས་ཀྱི་པར་རྐོས་ལག་རྩལ་འདི་ལ་རྒྱུ་ཆ་གྲ་སྒྲིག་ནས་ཞུ་དག་པར་འདེབས་ཀྱི་ལས་རིམ་ཆ་ཚང་ཞིག་ཡོད་པས། སྡེ་དགེའི་པར་ཁང་གིས་པར་བརྐོས་ལ་སྤུས་དག་ཅིང་ནོར་འཛོལ་བྲལ་བའི་ཁྱད་ཆོས་ལྡན། རྒྱལ་ཁབ་རིམ་པའི་པར་རྐོ་རྒྱུན་འཛིན་པ་ཕུན་ཚོགས་ཚེ་རིང་གིས་བཤད་རྒྱུར།

“དེང་ཐོག་པར་བཀྲུ་རྒྱུ་སྦྱང་དགོས་པ་དང་།   པར་བཀྲུ་རྒྱུ་ཤེས་པའི་ཞོར་དུ་པར་གྱི་ཕྱིར་ལོག་གི་ཡི་གེ་དེ་སྦྱངས་ནས་ཤེས་དགོས་ལ། དེ་ཡག་པོ་ཞིག་ཤེས་རྗེས་པར་བརྩི་ཤེས་དགོས། པར་ཡག་པོ་བརྩི་ཤེས་རྗེས་པར་སྒྲིག་ཤེས་དགོས། པར་སྒྲིག་རྒྱུ་ཆ་ཚང་ཞིག་ཤེས་རྗེས་འགའ་རེ་པར་སྒྲིག་མཁན་དུ་བཞག་འགྲོ་ལ། འགའ་རེ་པར་མགོ་སྒྲིག་མཁན་བཞག་འགྲོ། དེ་ལྟར་ལོ་ལྔ་ཙམ་འགོར་བའི་རྗེས་སུ། ངས་པར་བརྐོ་བའི་ལག་རྩལ་དེ་པར་དཔོན་ལ་རྒྱུགས་འཕྲོད་སོང་། རྒྱུགས་འཕྲོད་རྗེས《རིན་ཆེན་གཏེར་མཛོད》ལ་སོགས་པའི་པར་བརྐོ་མགོ་བརྩམས་པ་ཡིན། དགེ་རྒན་གྱིས་གསུང་བ་ནང་བཞིན་དང་པོར་ལྟེབ་སྦྱངས། དེའི་རྗེས་སུ་བཙུགས་སྦྱངས་ནས་བཙུགས་ལྟེབ་གཉིས་ཀ་ཧ་ལས་པ་ཞིག་ཤེས་རྗེས། དགེ་རྒན་གྱི་ཁྲིད་བཞིན་པའི་པར་རྐོ་ལུགས་དང་པར་རྩ་འབྲི་ལུགས་སོགས་བསླབས་ནས་གཟེངས་སུ་ཐོན་པའི་བྱ་དགའ་ཨང་དང་པོ་དང་གཉིས་པ་སོགས་གང་མང་བླངས་ཡོད།  ལོ་རེ་བཞིན་ང་རང་གིས་དུམ་པ་ག་ཚོད་རེ་དང་ཁ་གྲངས་མང་པོ་ཐོན་དུས་སེམས་དགའ་བ་མ་གཏོགས། གླ་ཆ་མི་འདུག་དང་ང་རང་དཀའ་སྣང་། མོས་པ་མེད་པའི་བསམ་པ་མི་འདུག ལས་ཀ་འདི་རྒྱུན་འཛིན་དར་སྤེལ་བྱེད་ཐུབ་པར་དགའ་སྣང་ཆེན་པོ་སྐྱེས་ཡོད།”

བོད་ཀྱི་ཡིག་གཟུགས་ནི་ཕུལ་དུ་བྱུང་ཞིང་འགྲན་ཟླ་བྲལ་བའི་སྒྱུ་རྩལ་ཞིག་ཡིན། ཡིག་གཟུགས་སྒྱུ་རྩལ་ཐད་གྲུབ་འབྲས་གཟེངས་སུ་མཐོ་ཞིང་། ཉམས་མྱོང་ཕུན་སུམ་ཚོགས་པའི་ཕུལ་བྱུང་བྲིས་པས་གཏན་འཁེལ་བྱས་པའི་བོད་ཡིག་དབུ་ཅན་གྱི་འབྲི་ལུགས་ལྟར་མ་དཔེ་བྲིས་ཤིང་། གཟབ་ནན་གྱིས་ཞུ་དག་ཐེངས་བཞི་བརྒྱུད་རྗེས་ད་གཟོད་པར་དུ་འདེབས་དགོས། རྒྱུ་ཆ་ལ་སྤུས་ལེགས་པའི་མཁྲིས་ཤིང་སྤྱོད་ཅིང་མཁྲིས་ཤིང་དམར་པོ་ལ་ལྷག་ཏུ་ཡིད་གཟབ་བྱས་ཏེ། སྟོན་ཁར་ལོ་མ་ལྷུང་མ་ཐག་པའི་མཁྲིས་ཤིང་བཅད་རྗེས་སྟ་རེ་ཡིས་ཤིང་རིས་ལྟར་གཏུབ་གཅོད་བྱས་ནས་པར་ཤིང་བཟོས་རྗེས། དགུན་ཟླ་གཅིག་ལ་ཆུར་སྦངས་ཤིང་ལོ་གཉིས་པའི་དཔྱིད་ཀར་ཆུ་ལས་བླངས་ནས་བཙོ་དགོས་ཤིང་། དེ་ནས་གྲིབ་སྐམ་བྱས་ནས་ངོས་སྙོམས་པོར་གཞོག་རྗེས། ད་གཟོད་སྟེང་ལ་ཡི་གེ་བརྐོ་ཆོག་པ་རེད། པར་རྐོ་མཁན་ནི་ལས་ཀར་བྱང་ཆ་ལྡན་པའི་པར་རྐོ་མཁན་ཡིན་དགོས། པར་ཤིང་གཅིག་བརྐོ་བར་ཐོག་མར་པར་རྐོ་མཁན་གྱིས་ནོར་འཛོལ་གཅིག་ཀྱང་མ་ཤོར་བར་མ་དཔེ་ལྟར་བརྐོ་བྱའི་ནང་དོན་རྣམས་སྟག་ཤིང་སྟེང་རྐོ་བ་དང་། ཐེངས་བཞི་ལ་ཡང་དང་བསྐྱར་དུ་ཞུ་དག་བྱས་ནས་ནོར་འཁྲུལ་མེད་ཚེ། ད་གཟོད་མར་ཁུའི་ནང་ཉིན་གཅིག་ལ་སྦངས་ཤིང་། ཕྱིར་བླངས་ནས་ཉི་མར་བསྐམ་དགོས། དེ་ནས་སུག་པའི་རྩད་པ་གདུས་པའི་ཁུ་བས་གཙང་མར་ཕྱིས་རྗེས་ལེགས་པར་གྲུབ་པ་ཡིན། དེ་ལྟར་ཞིབ་ཚགས་ཀྱི་ལས་རིམ་མང་པོ་ཞིག་བརྒྱུད་པའི་པར་ཤིང་ལ་ཡི་གེ་གསལ་བ་དང་ནོར་འཁྲུལ་མེད་པ། ལོ་ངོ་མང་པོར་ཉར་ཚགས་བྱེད་ཐུབ་པ་བཅས་ཀྱི་དགེ་མཚན་དང་ཁྱད་ཆོས་ལྡན།

སྤྱིར་བཏང་གི་གསུང་རབ་དག་སྣག་ཚས་དཔར་ཆོག་པ་དང་། བཀའ་འགྱུར་ལ་མཚལ་དཔར་སྤྱད་ཡོད། པར་ཟིན་པའི་བཀའ་འགྱུར་གྱི་ཤོག་བྱང་རྣམས་རྡང་ལ་བཀལ་ནས་བསྐམ་དགོས་ཤིང་། དེ་ནས་ལེགས་པར་བསྒྲིགས་ནས་དཔར་དྲུང་ལ་སྤྲད་རྗེས། པར་དཔོན་སོགས་མི་གསུམ་གྱིས་ཆེས་མཐའ་མཇུག་གི་ཞུ་དག་མཛད་དགོས། གལ་སྲིད་གསལ་པོ་མིན་པའི་ཡི་གེ་བཅུ་ཡོད་ཚེ་བསྐྱར་དུ་དཔར་དགོས་པ་དང་། ཤོག་གྲངས་གོང་འོག་འཁྲུག་པ་དང་བསྐྱར་ཟློས། ཆད་ལྷག་སོགས་ཀྱི་གནས་ཚུལ་བྱུང་ཚེ་བེད་མེད་དུ་བརྩི་བ་ཡིན། སྤུས་ཀ་ལེགས་ཤིང་གཏན་འབེབས་དང་མཐུན་པ་དག་ད་གཟོད་དྲས་ཁང་དུ་བསྐྱལ་ནས་དྲས་རྒྱག་པ་དང་། ངོས་བཞི་ལ་གདོང་ཚོན་བྱུགས་ནས་བསྡམས་རྗེས་ལེགས་པོར་གྲུབ་པ་ཡིན། བཀའ་འགྱུར་གཅིག་པུ་ལའང་ལས་བཟོ་པ500ལྷག་གིས་བགྲང་བྱ་ལྔ་ལ་དཀའ་བ་བརྒྱ་དང་འབད་པ་སྟོང་བརྒྱུད་ནས་ལེགས་གྲུབ་བྱུང་བ་ཡིན་ཕྱིན། ཕུགས་ལ་རྔོ་ཐོགས་པའི་རིག་གནས་ལས་དོན་འདིའི་གཟབ་ནན་དང་ཞིབ་ཚགས་ཀྱང་རྣམ་དཔྱོད་ཅན་དག་གིས་རྟོགས་སྲིད་ངེས་ཡིན་ཏེ། ད་ལོར་སྡེ་དགེ་པར་ཁང་གི་པར་ཤིང་འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མིང་ཐོར་ཚུད་ཡོད།

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།