བདེ་འཇགས་སློབ་ཐུན་ཞིག{བསྡུས་རྩོམ།}
2024.06.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 23


བདེ་འཇགས་སློབ་ཐུན་ཞིག

ཏཱ་ནི་སྨྱུ་གུ རྨ་ལྷོ།

རང་ཉིད་ཀྱི་ཕུགས་བསམ་ངོ་མ་ནི་སློབ་ཆེན་མཐར་ཕྱིན་རྗེས་གཞི་རིམ་གྱི་དགེ་རྒན་ཕལ་བ་ཞིག་གི་ལས་གནས་སུ་རྒྱུགས་སྤྲད་ནས་བྱ་བ་གཉེར་རྒྱུ་དེ་ཡིན།   མེ་ཏོག་ལྟར་མཛེས་ཤིང་སྦྲང་ཆུང་བཞིན་འཕུར་བའི་གཅེས་ཕྲུག་མང་པོ་ཞིག་ལ་ཤེས་བྱའི་རྒུམ་བུ་ཇི་སྙེད་ཅིག་སྟེར་ཐུབ་པའི་བསྐལ་བ་ལྡན་ན་མུན་སེལ་སྒྲོན་མེ་ལྟ་བུའི་མཛད་འཕྲིན་མི་རྒྱས་ཀྱང་།   རང་ཉིད་ཀྱི་འཇོན་ནུས་དང་འཚམ་པའི་ཐུང་ཐུང་མི་ཚེ་འདི་ལ་རིན་ཐང་ཅུང་ཟད་རེ་བསྐྲུན་ལོས་ཐུབ་སྙམ་མྱོང་།   ཡིན་ཡང་ངའི་སེམས་ཀྱི་ཕུགས་བསམ་དྲོད་མོ་དེ་དོན་ཐོག་ཏུ་སྨིན་ཐུབ་མ་སོང་།   

འཚོ་བའི་གནོན་ཤུགས་ཀྱིས་གཉའ་ནས་བཙིར་ཞིང་འཁོར་བའི་རྒྱུན་ཐག་གིས་ཐུར་དུ་དཔྱངས་འགྲོ་སྟབས།    ངས་ལྟོ་རྒྱབ་ཁོ་ནར་དམིགས་ནས་སྒེར་གཉེར་རླངས་འཁོར་ཁ་ལོ་བའི་སློབ་གྲྭ་ཞིག་ཏུ་འགྲིམ་འགྲུལ་བདེ་འཇགས་ཀྱི་གཞུང་ལུགས་དགེ་རྒན་ཞིག་བྱས་པ་ཡིན།   དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ལས་རྐང་འདི་ནི་ཕྱི་ནས་བལྟས་ན་སྤྱིར་བཏང་དུ་མཐོང་ཡང་ནང་དུ་འཛུལ་ན་སྤྱིར་བཏང་མིན་པའི་ལས་རྐང་ཞིག་རེད་སྙམ།   རང་ཉིད་གཙོ་བྱས་པའི་སྤྱི་ཚོགས་ཀྱི་ཁོངས་མི་མང་པོ་ཞིག་གིས་ཀྱང་གནད་དོན་འདིའི་མདུད་པ་ཡང་དག་ཅིག་བཀྲོལ་ཐུབ་ཀྱིན་མེད་པ་རྟོགས།    དེར་བརྟེན་ནམ་རྒྱུན་སློབ་ཁྲིད་ལ་གྲ་སྒྲིག་ཞིབ་མོ་ཞིག་བྱས་པ་ཡིན།   

ཐོག་མའི་སློབ་ཁྲིད་སྐབས་སུ་ཉན་མཁན་སློབ་མ་སུམ་ཅུ་ཙམ་འདུག སློབ་མའི་ཁྲོད་དུ་གྲྭ་བ་དང་ལས་གནས་མཐོ་དམའ་བར་གསུམ་གྱི་ལས་བྱེད་མི་སྣ།   སློབ་གྲྭའི་དགེ་རྒན་དང་སློབ་མ།   ཁེ་ལས་མི་སྣ་དང་ཚོང་བ།   ཡི་གེ་ཤེས་མི་ཤེས་ཀྱི་མང་ཚོགས་དཀྱུས་མ་སོགས་ཡོད།   སྤྱི་ཚོགས་སྟེང་གི་ཚབ་བྱེད་མི་སྣ་ཡོད་ཚད་མ་ལུས་མ་ཆད་པར་འདུས་ཡོད་པ་དང་འདྲ།   ཟ་མ་ཞིག་ཡིན་པའི་དབང་དུ་བཏང་ན་ཚོགས་རྫས་བཞིན་མངར་སྐྱུར་ཁ་གསུམ་སོགས་རོ་དྲུག་གི་བྲོ་བ་ཆ་ཚང་ལྡན་ཡོད།   ངས་རང་ཉིད་དང་བྱ་བའི་ལས་འགན་ངོ་སྤྲོད་བྱས་རྗེས་སློབ་ཁྲིད་མགོ་བརྩམས་པ་ཡིན།   ཐོག་མར་ལག་རྟགས་ལེན་པའི་དགོས་པ་དང་དམིགས་ཡུལ་སོགས་དྲི་གཞི་འགའ་བཏོན་རྗེས།   སློབ་མ་ཚོས་ཕན་ཚུན་གྱི་ངོ་གདོང་ལ་ལྟ་ཙམ་བྱེད་པ་དང་དགོད་འཛུམ་ཅུང་ཟད་རེ་བྱེད་བཞིན་ངའི་དྲི་བ་དེ་དག་ནི་ཁོ་ཚོའི་སེམས་ནང་གི་དགོས་མཁོ་ངོ་མ་མིན་པ་ལྟ་བུའི་རྣམ་འགྱུར་ཞིག་མངོན་འདུག ཡུན་ཙམ་རྗེས་སུ་རྒྱབ་གྱང་ངོས་ལ་བསྙེས་པའི་ལས་བྱེད་དེས་བཤད་རྒྱུར།   ལས་ཁུངས་སུ་བྱ་བ་མང་རྐྱེན་དུས་ཡུན་ཐུང་ཐུང་ནང་ལག་རྟགས་ལེན་དགོས།   ཁྱེད་ཀྱི་དྲི་བ་འདི་དག་ནི་འཕྲོ་བརླག་ཅུང་ཡིན་པ་འདྲ།   གཙོ་བོ་སློབ་ཁྲིད་སྐབས་སུ་དཔེ་ཆའི་ནང་གི་ཤེས་བྱ་དངོས་མིན་པའི་ཐབས་ལམ་རེ་བཤད་རྒྱུ་གལ་ཆེན་རེད་ཟེར།   མདུན་དཀྱིལ་གྱི་སྔགས་པ་དེ་དང་གྲྭ་བ་ལོ་གཞོན་དེ་གཉིས་ཀྱིས་ཀྱང་ཁོའི་བཤད་པ་འགྲིག་པའི་རྣམ་འགྱུར་བསྟན།   མཚམས་དེར་རྒྱབ་ལོགས་ཀྱི་གྲོང་བ་རྒན་པ་དེས་བཤད་རྒྱུར་ང་སྤྱིར་ན་ཡི་གེ་ཤེས་ནི་ཞིག་མིན།   ཆུང་དུས་ནས་འཚོ་བའི་ཆ་རྐྱེན་གྱི་དབང་གིས་སློབ་གྲྭར་འགྲོ་སྐལ་མ་ལྡན།   ཡིན་ཡང་ད་སྐབས་རྒྱལ་ཁབ་ཀྱིས་ཆུ་གློག་ལམ་གསུམ་གྱི་ཆ་རྐྱེན་ས་ཕྱོགས་གང་ཡིན་ལ་བསྐྲུན་ཡོད་པས་རང་ཉིད་ལ་མཚོན་ན་ཡང་རུ་བ་སྐྱེལ་འདྲེན་དང་ནང་སྒོས་སུ་བྱིས་པ་གཉིས་སློབ་གྲྭ་སྐྱེལ་སྐབས་ལག་རྟགས་ཤིག་མེད་ན་འགྲིམ་འགྲུལ་ཉེན་རྟོག་པའི་ལག་ལ་ཤོར་ཉེན་འདུག

ལོ་འགའི་སྔོན་སྒོར་མོ་སྤྲད་ན་ལག་རྟགས་ཉོ་ཐུབ་པའི་སྐད་ཆ་ཞིག་ཐོས་སོང་།   ངས་གསོག་དངུལ་གྱི་ཕྱེད་ཀ་ལག་རྟགས་ལེན་སྤྱད་ལ་བྱིན་པ་ཡིན།   ཡིན་ཡང་ལོ་རྒན་ཧྲིལ་བོ་གཅིག་འགོར་མོད།   དོན་དག་དེ་རྒྱ་མཚོའི་ནང་ལ་ཁ་བ་བབས་པ་བཞིན་ངལ་བ་འབྲས་མེད་དུ་གྱུར།   ད་ལོ་ཡང་གསོག་དངུལ་མང་ཤོས་ལག་རྟགས་འདིའི་ཆེད་དུ་བཏང་བ་ཡིན།   གཙོ་བོ་རྒྱུགས་སྤྲོད་ཐབས་ལམ་སྤྱད་ནས་ལོན་ན་རབ་རེད་ཟེར།   སྐབས་དེར་ངའི་འདོད་ཚུལ་དང་ཁོ་ཚོའི་འདོད་ཚུལ་འགལ་བ་ལྟག་སྤྲོད་རེད།   ངས་སྐད་ཆ་ཧ་ཅང་སྟབས་བདེ་ཞིག་གིས་ལག་རྟགས་ལེན་པའི་ཕན་ཡོན་གསེར་འདྲ་བ་ཞིག་བཤད་བསམས་མོད།   ཡིན་ཡང་དེའི་ཁ་ལྕེ་དང་ཐབས་ཤེས་མི་འདུག སེམས་ཀྱི་དྲན་ཚུལ་དང་ཁ་ཡི་བརྗོད་པ་ནི་ཆུ་རྙོག་ཚ་དེམ་ནང་བླུགས་པ་དང་འདྲ།   

བསམ་བློ་ཞིག་བཏང་ནས་འདི་ལྟར་བྱས་པ་ཡིན།   སློབ་ཁྲིད་ལ་གྲ་སྒྲིག་བྱས་པའི་རྒྱལ་ནང་དང་རྒྱལ་སྤྱིའི་འགྲིམ་འགྲུལ་དོན་རྐྱེན་མང་པོ་ཞིག་བརྙན་གཟིགས་ནས་བསྟན་ཞིང་།   དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་གྲངས་ཚད་དང་ས་གནས་སོ་སོའི་འགྲིམ་འགྲུལ་གྱོད་གཞི་ཉེས་དོན་དག་ཀྱང་གསལ་པོར་བསྟན་པ་ཡིན།   ཚང་མས་སོམས་དང་འདི་དག་ཚང་མ་དངོས་ཡོད་གནས་ཚུལ་རྐྱང་རྐྱང་རེད།   སྤྱིར་ན་ང་ཚོ་ཚང་མ་མི་རེད།   མི་ནི་རང་གི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་ཧམ་འཐབ་ཀྱིས་རྒྱུག་མོད།   ཡིན་ཡང་སྤྱི་དང་བྱེ་བྲག་གི་ཁྱད་པར་ཤེས་རྒྱུ་ཧ་ཅང་གལ་ཆེན་རེད།   

མི་ཚེ་འདིར་མི་ཞིག་གཏན་ནས་འགྲོ་མི་རུང་ཞིང་འགྲོ་མི་འདོད་པའི་སྒོ་མོ་གཉིས་ཡོད་པ་རེད།   གཅིག་ནི་བཙོན་ཁང་གི་སྒོ་ནང་དང་གཞན་དེ་ནི་སྨན་ཁང་གི་སྒོ་ནང་རེད།   སྒོ་མོ་འདི་གཉིས་ཀྱི་ནང་དུ་ཕར་འགྲོ་སླ་ཞིང་ཚུར་ཡོང་དཀའ་ནི་རེད།   སྒོ་རྩ་འདིར་ཐོན་དུས་མི་ཚང་མ་འདྲ་མཉམ་ཡིན་ལ་ཤིན་ཏུ་ཉམ་ཆུང་ཡང་ཡིན་སྲིད།   དེང་གི་སྤྱི་ཚོགས་འཕེལ་རྒྱས་ཧ་ཅང་མགྱོགས་ཤིང་ཚན་རྩལ་གསར་པ་ནམ་མཁའི་གློག་ལས་མྱུར་མོད།   ཟུར་གཞན་ན་ཉེན་ཁ་རང་བཞིན་གྱི་སྤྱི་ཚོགས་གནད་དོན་མང་པོ་ཞིག་མཚོ་ལྟར་འཕྱུར་བཞིན་ཡོད།   དེ་དག་རེ་རེ་ནི་ང་ཚོས་ད་སོ་མ་བལྟས་པའི་དངོས་བྱུང་གནས་ཚུལ་དེ་དག་རེད།   ད་རུང་འདི་དག་ཚང་མ་ཟུར་ཙམ་ཟུར་ཙམ་རེད།   སློབ་ཆུང་ལོ་རིམ་དང་པོ་ཡིན་དུས་སྐད་ཡིག་དཔེ་དེབ་ནང་དུ་ཚིག་འདི་འདྲ་ཞིག་ཡོད།   གཞུང་ལམ་འཕྲེད་དུ་གཅོད་པའི་སྐབས།   གཡས་གཡོན་གཉིས་ལ་ཡག་པོ་ལྟོས་ཞེས་བྲིས་ཡོད།   དེ་ནི་ང་ཚོར་གསལ་འདེབས་བྱས་པའི་བདེ་འཇགས་རྒྱུན་ཤེས་ཀྱི་སྐད་ཆ་དང་པོ་རེད།   དེ་བས་ང་ཚོའི་མི་རེ་རེ་ནས་རླངས་འཁོར་ལག་རྟགས་ལེན་པ་ནི་རང་ཉིད་ཀྱི་ཚེ་སྲོག་སྲུང་སྐྱོང་གི་ཆེད་དུ་ཡིན་པ་ཤེས་དགོས།   ལག་རྟགས་ཡོད་དུས་ལྕགས་སྲོག་ཐོག་སོང་བ་མ་ཡིན་པར།   ལག་རྟགས་ཞེས་པའི་འཛིན་བྱང་ལེབ་མོ་འདིའི་སྟེང་དུ་བདེ་འཇགས་རྒྱུན་སྤྱོད་ཀྱི་ཤེས་བྱ་མང་པོ་ཞིག་ཡོད་པ་རྟོགས་ན་བཟང་།   དེ་མ་གཏོགས་ཚེ་སྲོག་སྲུང་སྐྱོང་ལ་ཐབས་ཤེས་གཞན་མེད།   ངས་འགྲིམ་འགྲུལ་ཤེས་བྱའི་ཚིག་འདྲི་རེ་རེ་ཁྱེད་ཅག་ལ་འཁྲིད་དགོས་ཤིང་ཁྱེད་ཅག་གིས་ཀྱང་ཤེས་བྱ་ཡོངས་གོམས་ལོབ་ཅན་དུ་བཏང་ན་འགྲིག་ཅེས་གཟབ་ནན་གྱིས་བརྗོད་སྐབས།   གློ་བུར་དུ་སློབ་ཁང་ནང་དུ་ཐལ་མོའི་རྡེབ་སྒྲས་ཁྱབ་ཅིང་སྒེའུ་ཁུང་ལས་འཕྲོས་པའི་ཉི་འོད་འཇམ་པོ་ནི་ཧ་ཅང་དྭངས་ཤིང་གསལ།   སྐབས་དེར་ངའི་ལུས་སེམས་གཉིས་ལ་སྤྲོ་སྣང་གསར་པ་ཞིག་རྒྱས་མགོ་ཚུགས་སོང་།   

གྱེར་ཀློག་པ། ཚེ་རིང་བཀྲ་ཤིས། ཟླ་བཟང་སྒྲོལ་མ།

 རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། 

ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།