མི་ལོ་སུམ་ཅུའི་སྔོན་གྱི་འདས་དོན་ཞིག
སངས་རྒྱས་མཚོ། ཀན་ལྷོ།
མི་ལོ་སུམ་ཅུ་ལྷག་གི་ཡར་སྔོན་ཏེ། ང་རང་སློབ་འབྲིང་སློབ་མ་ཡིན་པའི་སྐབས་ཀྱི་གཟའ་ཉི་མ་ཞིག་གི་ཉིན་གུང་ལ། སློབ་མ་ཚོར་ད་ལྟའི་འདི་འདྲའི་ཆ་རྐྱེན་བཟང་པོ་མེད་རུང་། རང་རང་གི་ཁྱིམ་དུ་ལོག་ནས་ཁྱིམ་ཚང་གི་ཟས་རིགས་སྣུམ་པོ་དེ་གང་འདོད་ཅིག་ཟ་རྒྱུ་ཡོད། སྐབས་དེར་ང་རང་ཕ་མ་གཉིས་ཀྱི་གམ་ན་མེད་ཀྱང་ཞང་བོ་ཚང་གི་ཁྱིམ་ལ་གང་འདོད་དུ་ལོག་ཆོག་པས་ཉིན་དེར་ང་རང་དེ་རུ་གཟའ་མཇུག་གི་ཉི་མ་གཏོང་བར་འགྲོ་བཞིན་པའི་ལམ་བར་ནས་དོན་རྐྱེན་ཞིག་དང་ཕྲད།
དུས་སྐབས་དེར་མ་གཞི་ནས་གྲོང་ཁྱེར་ན་རླངས་འཁོར་ལྟ་ཞོག མི་དང་འཕྲུལ་རྟ་ཙམ་ཡང་མང་པོ་ཞིག་རིག་རྒྱུ་མེད་པའི་སྐབས་ཤིག་རེད། ཡིན་ཡང་། གཟའ་ཉི་མའི་ཉིན་སློབ་གྲྭ་གྲོལ་ནས་ང་ཨ་ཞང་ཚང་ལ་འགྲོ་བཞིན་པའི་སྐབས་དེར། ངའི་ཁ་གཏད་ཀྱི་གཞུང་ལམ་དཀྱིལ་དུ་ན་ཚོད་དར་ལ་བབས་པའི་བུད་མེད་གཞོན་ནུ་མ་གཉིས་ཀྱིས་ཕན་ཚུན་བརྩེ་བའི་ལག་རྡང་གཅིག་ཏུ་སྦྲེལ་ཞིང་དུང་བའི་སྙིང་གཏམ་ཤུབ་ཤུབ་བཤད་ཞོར་གཞུང་ལམ་དཀྱིལ་ན་སྒེག་ཉམས་ཀྱིས་འགྲོ་བཞིན་གདའ། ཁོ་གཉིས་ཀྱི་གཡས་ཕྱོགས་ཀྱི་ཐག་མི་རིང་བའི་ས་ན་གནག་སྣུམ་གྱི་སྐྲ་ལོ་ལྟག་ཏུ་ཤད་ཀྱང་གདོང་ལ་མིག་ཤེལ་སྨུག་པོ་གྱོན་པ། ཨ་ལུང་ཆེ་བའི་དངུལ་གྱི་རྣ་ལུང་ཕྲ་ཅན་བཏགས་ཡོད་པ། ལྒང་ཞུའི་དབྱིབས་ཀྱི་རྐང་སྣམ་སྔོ་ནག་གོན་པ། སྐུད་པས་བསླེས་པའི་ཕུ་ཐུང་ཕྲུག་གི་རི་མོ་ཅན་གོན་ཡོད་པའི་སྐྱེས་པ་ཕོ་ལོ་སུམ་ཅུ་ཡས་མས་ཅན་ཞིག་གིས་འཕྲུལ་རྟ་བང་གིས་རྒྱུག་ནས་ཡོང་བཞིན་པ་མཐོང་མ་ཐག་བུད་མེད་གཞོན་ནུ་མ་དེ་གཉིས་མྱུར་བ་མྱུར་དུ་གཞུང་ལམ་དཀྱིལ་ནས་ཕར་འབྲོ་ཚུར་འབྲོ་ཙམ་བྱས་པ་ན། སྐྱེས་པ་དར་མ་དེས་འཕྲུལ་རྟའི་བང་ཁ་མ་མནོན་པར་བུད་མེད་གཞོན་ནུ་མ་གཉིས་ཀ་གདོང་ཐུག་བརྒྱབ་སྟེ་གཞུང་ལམ་དཀྱིལ་ནས་རང་རང་སར་གཡུགས། མིག་འཁྲུལ་ཙམ་གྱི་ཡུན་ལ་འཕྲུལ་རྟ་གཞུང་ལམ་གྱི་དཀྱིལ་དུ་ཤུད་ནས་ཡོང་བཞིན་འདུག་ལ། ཤུགས་ཀྱི་སྟབས་ཀྱིས་འཕྲུལ་རྟའི་ཁ་ལོ་བ་ཁོ་ཡང་དེའི་རྗེས་སུ་ཤུད་ནས་ཡོང་སྟེ་ང་རང་ཧད་ནས་བསྡད་ཡོད་སའི་གཞུང་ལམ་འགྲམ་གྱི་རྡོ་ལོག་དེར་མགོ་བོ་ཁེལ་ནས་གཉོག་སྒྲ་དང་བཅས་ཏེ་ས་དེ་གར་བརྒྱལ།
ངས་ཨག་སྐད་ཅིག་འབྱིན་ཞོར་གོམ་པ་འགའ་སྔོན་ལ་བྲོས་ནས་ཕྱིར་བལྟས་པ་ན། སྐྱེས་པ་དེའི་གམ་ན་ང་དང་སློབ་གྲྭ་གཅིག་ནས་ཐོན་པའི་སློབ་མ་འགའ་ཡིས་དགེ་རྒན་ཟེར་ནས་འབོད་ཞོར་དང་སྐྱོར་ཞོར་བྱེད་བཞིན་འདུག བུད་མེད་གཉིས་ལས་གཅིག་གོག་མ་ནུར་གྱིས་གཞུང་ལམ་འགྲམ་དུ་ཡོང་གིན་འདུག་ལ། དེར་ཨ་མ་ཟེར་ནས་འབོད་མཁན་ཞིག་ཀྱང་ཐོན་འདུག བུད་མེད་གཞན་པ་དེར་ཨ་མ་ཟེར་ནས་འབོད་མཁན་མེད་ལ། གྲག་འགུལ་ཙམ་ཡང་མེད་པར་གཞུང་ལམ་དཀྱིལ་ན་ལུས་འདུག
སྐབས་དེར་ང་རང་ལོ་ན་ཆུང་བས་དེ་དག་གི་རྣམ་པར་ལྟ་ཞོར་དུ་རྒྱུག་མ་འདུར་གྱིས་ཨ་ཞང་ཚང་ལ་ཐོན་ཐབས་བྱས་སོང་བ་ལས་དོན་དག་དེའི་མཇུག་འབྲས་ག་འདྲ་ཡིན་པ་གསལ་པོ་མ་ཤེས། ཨ་ཞང་ཚང་ལ་ཐོན་རྗེས་ངས་ཨ་ཞང་ཚང་གི་བཟའ་མི་ཚོར་དོན་དག་དེ་ཁ་གསལ་པོ་ཞིག་བརྗོད་ན་འདོད་མོད། ཁ་ཚིག་ཁ་ནས་མི་ཁྲོལ་བ་ཞིག་ཏུ་གྱུར་འདུག་པས་དོན་དག་དེའི་ཕྱོགས་ཙམ་མ་གཏོགས་མགོ་སྔ་ཚང་མོ་ཞིག་ཁོ་ཚོར་བཤད་མ་ཐུབ། ཨ་ཞང་གིས་བཤད་རྒྱུར། ཁྱོད་ཀྱི་ངོ་མདོག་ཀྱང་སྐྱ་བོར་གྱུར་འདུག་པས་སེམས་ལྷོད་ལྷོད་བྱོས། སྐྲག་རྒྱུ་མང་སོང་ན་རྗེས་མ་རང་གི་སེམས་ཁམས་ལ་གནོད་པ་སྐྱེལ་ཡོང་ཟེར་ལ། ཁོང་གིས་ད་དུང་ཅི་མི་སྙམ་པའི་ཚུལ་གྱིས་ང་ཚོའི་སློབ་གྲྭའི་ནང་གི་བྱ་བ་གཞན་དག་དང་ངའི་ཕ་ཡུལ་གྱི་གནས་ཚུལ་སོགས་སེམས་ལྷོད་པོས་ཁ་བརྡ་བྱས་བྱུང་བས། ངའི་སེམས་ཀྱི་འཇིགས་སྣང་དེ་རིམ་བཞིན་འཇགས་པར་གྱུར།
ད་ལྟ་འདི་ལྟར་ཁ་བརྡ་བྱས་ན་དེའི་ཁྲོད་ཀྱི་མི་སྣ་གཅིག་སྟེ། སྐྱེས་པ་དར་མ་དེ་ད་ལྟ་ལུས་བདེ་སེམས་སྐྱིད་ངང་ངའི་དགེ་གྲོགས་སུ་གྱུར་ཡོད་ལ། ང་ཚོའི་སློབ་གྲྭ་མ་ཟད་ཀན་ལྷོ་ཁུལ་ན་མིང་གྲགས་ཡོད་པའི་རྐང་འཛིན་དགེ་རྒན་ཞིག་ཡིན། བུད་མེད་གཞན་པ་དེ་གཉིས་ཀྱང་སྐབས་དེར་སྲོག་ཉེན་ལས་ཐར་ཡོད་རབས་གླེང་གིན་འདུག
གང་ལྟར་དུས་དེ་ནས་བཟུང་ངས་ནམ་རྒྱུན་རང་ཉིད་དང་རང་གི་བྱིས་པ། ད་དུང་རང་གི་སློབ་མ་སོགས་རང་དང་འབྲེལ་བ་ཡོད་པའི་མི་རྣམས་ལ། རྒྱ་ལམ་འཕྲེད་དུ་གཅོད་པའི་སྐབས། གཡས་གཡོན་གཉིས་ལ་ཡག་པོ་ལྟོས་ཞེས་པའི་སྐུལ་མའི་ཚིག་དེར་དོ་སྣང་བླ་ལྷག་བྱེད་དུ་བཅུག་པ་ཡིན།
དེ་ཡང་གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་དབང་བ་ཡིན་ཞེས་པ་ནང་བཞིན། དེང་སྐབས་འཕྲུལ་ཆས་མང་བའི་དུས་རབས་འདིར་མཚོན་ནས་བཤད་ན། ཚེ་སྲོག་ནི་ནམ་ཡང་བདེ་འཇགས་ལ་དོ་སྣང་བྱེད་མཁན་གྱི་མི་དེར་དབང་བ་ཡིན་ཞེས་བཤད་ཀྱང་མི་ཆོག་པ་མེད་པར་སྙམ།
འདི་ལྟར་སེམས་ལྷོད་པས་འདས་དོན་དེར་ཕྱིར་དྲན་རེ་བྱས་ན་ཤ་གསེང་རུས་གསེང་ནས་སྙིང་ཤ་འདར་ཡོང་།
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།