ལུག་ཚེ་ཐར་གསུམ། {བསྡུས་རྩོམ།}
2024.06.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 84

ལུག་ཚེ་ཐར་གསུམ།

(རྨ་ཆུ) འབྲོག་བུ་དཀོན་བཀྲ།

འདི་ནས་ལུགས་ལྡོག་གིས་བརྩིས་པའི་བགྲང་བྱ་དགུའི་སྔོན་གྱི་ཕྱི་དྲོ་ཞིག་ལ། ང་ལ་འཁོར་བགེགས་བྱུང་སྟེ་འཆི་བདག་གི་དྲུང་དུ་ཐེངས་གཅིག་འགྲོ་དགོས་བྱུང་། དམར་འཐིབ་འཐིབ་དང་ཟིང་བན་བུན་གྱི་འཇིགས་སྣང་གི་ཚོར་བ་དེ།དྲན་པའི་རྩིག་པར་བསྒོས་པའི་ཆང་རག་གི་སྐྱུར་རྩི་ལྟར་ཁྱོན་ནས་ཡལ་ཐབས་བྲལ།

ས་གཞི་ཁ་བས་གཡོགས་ཤིང་རླུང་དམར་འུར་འུར་དུ་ལྡང་བའི་ཕྱི་དྲོ་དེར། ང་དང་གཡུང་དྲུང་། ཨོ་རྒྱན་གསུམ་རྫོང་མཁར་ནས་སྤྱི་ལེ་བརྒྱ་དང་ཉི་ཤུ་ཡོད་པའི་བྱ་བའི་ལས་གནས་སུ་ལམ་ལ་ཆས། ང་ཁ་ལོ་པ་ཡིན། གཡུང་དྲུང་ངའི་ཟུར་དུ་བསྡད་ཡོད། ཨོ་རྒྱན་འདུག་སྟེགས་གཞུག་མ་ན་ཡོད། ལམ་ངོས་ཀྱི་ཁ་བ་དེ་འདྲའི་མཐུག་རྒྱུ་མེད་ནའང་། རླངས་འཁོར་མགྱོགས་པོར་བསྐོར་ན་ཉེན་ཁ་འབྱུང་སྲིད་པས། གྲོགས་པོ་གཉིས་ཀྱིས་ང་ལ་གཟབ་གཟབ་གནང་དགོས་ཚུལ་གྱི་བསླབ་བྱ་ནན་གྱིས་བཏང་བྱུང་། ཐོག་མར་ང་ཚོ་འགྲོས་དལ་མོའི་ངང་ནས་གཞས་ལ་ཉན་ཞོར་དང་ཁ་བརྡ་བྱེད་ཞོར་དུ་སོང་བ་ཡིན། གཡུ་འབྲུག་དགུ་བརྩེགས་ལྟ་བུའི་རྨ་ཆུའི་ཟམ་ཆེན་བརྒལ་བ་ན་མུན་ཡང་རུབ་ལ་ཉེ་བས། ངའི་སེམས་སུ་གློ་བུར་བའི་བྲེད་ཤ་ཞིག་ལངས་ཏེ། འདི་ལྟར་འགྲོས་དལ་མོས་སོང་ན་དམིགས་སའི་གནས་ལ་ཐོན་ཐབས་མེད་པས། མྱུར་ཚད་ཇེ་མགྱོགས་སུ་བཏང་ནའང་སྐྱོན་མེད་སྙམ་ནས། རླངས་འཁོར་གྱི་སྣུམ་སྒོ་ཤུགས་ཀྱིས་མནན་ཏེ་མགྱོགས་པོར་ཕྱིན། དེ་ལྟར་སྤྱི་ལེ་བཅུ་ཙམ་བརྒྱུགས་པའི་མཚམས་ཏེ་དངུལ་ཆུང་སྒ་བར་དུ་སླེབས་དུས་ལམ་ལ་ཁུག་ཀྱོག་མང་ཞིང་འཁྱག་དར་ཆགས་འདུག འགྲོས་ཚད་ཇེ་དལ་དུ་གཏང་དགོས་སྙམ་ནས་འཁོར་བཀག་མནན་པ་ན། རླངས་འཁོར་འགྲེད་བདར་ཤོར་ནས་རང་ལག་ན་མི་འདུག བསམ་དབང་དྲན་དབང་མེད་པར་སྐད་ཅིག་དེ་ཉིད་ལ་ནག་འཐིབ་བེར་བཞག དུས་ཚོད་སྐར་མ་གཅིག་གཉིས་ཤིག་གི་ཡུན་ལ་ང་དྲན་པ་ཤོར་ཏེ་བརྒྱལ་སོང་བ་འདྲ། ང་རང་བརྒྱལ་བ་ལས་སངས་པ་ན། གམ་གྱི་གཡུང་དྲུང་ཡང་གཉིད་ལས་སད་པ་ལྟར་མགོ་ཡར་བཀྱགས་བྱུང་། ངས“ཁྱོད་ལ་སྐྱོན་མེད་དམ”ཞེས་འཚབ་འཚུབ་ཀྱིས་དྲིས་པ་ན། “སྐྱོན་མེད། སྐྱོན་མེད། ཁྱོད་ལ་སྐྱོན་མེད་དམ”ཞེས་ཚུར་དྲིས་བྱུང་། ངས“ང་ལ་སྐྱོན་མི་འདུག”ཅེས་ལན་འདེབ་ཞོར་དུ་ཨོ་རྒྱན་ཞེས་བོས་པ་ན། ཨ་ལན་སྟེར་མཁན་མ་བྱུང་། རླངས་འཁོར་སྟེང་འོག་བརྗེས་ཡོད་པས་ངེད་གཉིས་རླངས་འཁོར་གྱི་གནམ་གཅལ་དུ་འགྱེལ་འདུག ངས་མྱུར་བར་རླངས་འཁོར་གྱི་སྒོ་ཕྱེས་ཏེ་མར་བབས། ཨོ་རྒྱན་འདུག་ཕྱོགས་སུ་བརྒྱུགས་པ་ན། སིལ་བུར་ཆག་པའི་རླངས་འཁོར་གྱི་སྒེའུ་ཁུང་ལས་ཨོ་རྒྱན་གྱི་རྐང་པ་ཡ་གཅིག་མཐོང་བྱུང་། སྐབས་དེར་ང་ལ་འཇིགས་སྣང་ཚད་མེད་པ་ཞིག་བྱུང་། ཨོ་རྒྱན་ལྔ་བའི་ལམ་དུ་བསྐྱལ་མེད་ཀྱང་རྐང་ཆག་ལག་ཆག་ཏུ་བཏང་ཡོད་ཤག་རེད་སྙམ་སྟེ། ལུས་སེམས་གཉིས་དབང་མེད་དུ་འདར་སིག་སིག་བྱེད། དུས་དེར་གཡུང་དྲུང་ཡང་ཐོན་བྱུང་།ངེད་གཉིས་ཀྱིས་ཨོ་རྒྱན་རླངས་འཁོར་གྱི་ཕྱི་ལ་བཏོན་ཏེ་མིང་ནས་ཇི་ལྟར་བོས་ཀྱང་མོ་ལ་སད་རྒྱུ་མི་འདུག དཀར་ཞིང་གསལ་བའི་ཨོ་རྒྱན་གྱི་ཐོད་པའི་སྟེང་ན་ཁྲག་ཐིགས་ཤིག་ཡོད་པ་ལས། རྐང་ལག་དང་ངོ་གདོང་དུ་རྨ་ཁ་སེན་མགོ་ཙམ་ཡང་མི་འདུག ངེད་གཉིས་ཀྱིས་ཤེད་ཤུགས་ཡོད་རྒུ་བཏོན་ཏེ་ཨོ་རྒྱན་ལན་འགར་གསིག་པ་ན། མོར་དབུགས་ཀྱི་རྒྱུ་བ་ཕྲ་ལ་གཉོམ་པ་ཞིག་ཐོན་བྱུང་། ཡུད་ཙམ་ནས་མིག་ཀྱང་དལ་བུར་ཕྱེ་བྱུང་། ངས་ལམ་སང“ཁྱོད་ལ་གང་ནས་གཟེར་ཀི ཁྱོད་ལ་གང་ནས་མི་བདེ་ཀི”ཞེས་དྲིས་མཐར། ཨོ་རྒྱན་གྱིས“མགོ་ཡོམ་འཁོར་ཀི ཞེན་ཁ་ལོག་ཀི ལུས་སྟོད་དེ་ཙམ་འགུལ་མི་ཐུབ་ཀི”ཟེར། ངས“ཁྱོད་ཡར་ལོངས་དང་རྐང་པ་ལ་སྐྱོན་མེད་དམ”ཞེས་མོ་ཡར་བསླངས་ནས་གོམ་པ་འགའ་སྤོ་རུ་བཅུགས་པས། ད་གཟོད་མོའི་རྐང་པར་སྐྱོན་ཅི་ཡང་ཤོར་མེད་པ་རྟོགས་ནས་བློ་ཁ་ཅུང་བདེ་ལ་བབས་བྱུང་།

ངས་མྱུར་བར་རྫོང་མི་དམངས་སྨན་ཁང་གི་གྲོགས་པོར་ཁ་པར་བཏང་སྟེ་མྱུར་སྐྱོབ་རླངས་འཁོར་མངགས་ཐུབ་མིན་དྲིས་པ་ན། ཁོས“མྱུར་སྐྱོབ་རླངས་འཁོར་གྱིས་ནད་པ་ཞིག་དྲུད་དེ་ལན་གྲུ་རུ་བུད་སོང་བས་མངགས་མི་ཐུབ་ཀི”ཟེར། ངས་འཕྲལ་མར་གཉེན་ཉེ་ཞིག་ལ་ཁ་པར་བཏང་སྟེ་ང་ཚོ་བསུ་རུ་བོས། ངེད་ཅག་རྫོང་ལ་ཐོན་དུས་མུན་ཡོངས་སུ་རུབ་འདུག ང་ཚོ་ཐད་ཀར་རྫོང་མི་དམངས་སྨན་ཁང་དུ་སོང་ནས་ཨོ་རྒྱན་གྱི་ལུས་ལ་བརྟག་དཔྱད་བྱས། བརྟག་དཔྱད་མཇུག་འབྲས་ལས་མངོན་པ་ལྟར་ན། ཨོ་རྒྱན་གྱི་སྒྲོག་རུས་བཅགས་ཡོད་པ་ལས་སྐྱོན་གཞན་མི་འདུག དེར་འདུས་ཀྱི་གཉེན་ཉེ་དང་གྲོགས་པོ་ཚོས་གཡུང་དྲུང་ངེད་གཉིས་ཀྱིས་ལུས་ཕུང་ལ་བརྟག་དཔྱད་བྱེད་པར་སྐུལ་མ་བཏང་ན་ཡང་། ངེད་གཉིས་ལ་མི་བདེ་བའི་ཚོར་བ་ཕྲན་ཙམ་ཡང་མེད་པས་བརྟག་དཔྱད་མ་བྱས།

དགོང་མོ་དེར་ངའི་གཉིད་ནི་རྔོན་པས་དེད་པའི་རི་དྭགས་བཞིན་འདྲོགས་ཏེ་གར་སོང་ཆ་མེད་དུ་གྱུར། ཉིན་དཀར་བྱུང་བའི་འཁོར་བགེགས་ལ་ཕྱིར་འདང་རྒྱག་གིན་རྒྱག་གིན་དངངས་འཚུབ་དང་འཇིགས་སྣང་སྐྱེས་བྱུང་། གལ་སྲིད་འཁོར་བགེགས་ལས་མི་ཞིག་རྐྱེན་ལམ་དུ་ཤོར་ཡོད་ཚེ། ངས་དེའི་བཟའ་ཟླ་དང་བུ་ཕྲུག་ལ་ཅི་ཞིག་བཤད། ཁྱིམ་ཚང་གཅིག་གི་གཞི་འཛིན་དང་རྒན་རྒོན་གཉིས་ཀྱི་ལག་རྟེན་བཅགས་པ་མིན་ནམ། ཡང་ན་ཨོ་རྒྱན་གྱི་རྐང་པ་ཡ་གཅིག་བཅད་ཡོད་ཚེ། དེར་ཚེ་གང་གི་ནད་གཡོག་སུས་བྱེད། མོའི་ན་ཚ་དང་སེམས་སྡུག་གི་ཕུང་བོ་གང་ལ་འཇོག ཆག་ཆག་ཧྲུག་ཧྲུག་ཏུ་བཏང་བའི་རླངས་འཁོར་ལ་བལྟས་ན། ངེད་ཅག་སྲོག་ཉེན་ལས་ཐར་བ་ནི་ཡིད་ཆེས་དཀའ་བའི་ངོ་མཚར་གྱི་ལྷ་སྒྲུང་ཞིག་དང་མཚུངས་སོ།།

ཕྱིས་སུ་ང་ཚོ་སོས་དལ་བག་ཕེབས་སུ་གྱུར་རྗེས། ངས་ང་ཚོའི་སྐད་འཕྲིན་ཚོགས་པའི་མིང་ལ“ལུག་ཚེ་ཐར་གསུམ”ཞེས་བཏགས་པ་ཡིན། ཏག་ཏག ང་ཚོ་ནི་འཆི་བདག་གི་ཞགས་པ་ལས་ཐར་བའི་ལུག་ཚེ་ཐར་གསུམ་ཡིན། ད་ནི་འཇིག་རྟེན་བྱེད་པོས་བསམ་བཞིན་བསྐྲུན་པ་ལྟ་བུའི་ཕ་ཡུལ་ལུང་པ་ནས།སོ་སོའི་ལས་སྐལ་གྱི་མུ་ཐག་རྒྱང་དུ་བསྲིང་ཆོག་ཨང་།

གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།